ཝང་ཅན་ཅུན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩིས་བཤེར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས།
2020.02.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 8

ཟླ་གཉིས་པའི་ཚེས་ཉེར་དྲུག་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་རྩིས་བཤེར་བྱ་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཤིང་། ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གིས་རྩིས་བཤེར་བྱ་བར་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བླང་བྱར་སློབ་སྦྱོང་བརྒྱུད་བསྒྲགས་བྱས་ནས། མཚོ་སྔོན་གྱི་སྡོམ་རྩིས་བྱ་བར་ཞིབ་འཇུག་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་རྩིས་བཤེར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་། ཞིང་ཆེན་ཏང་ཨུའི་རྩིས་བཤེར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཉིང་ཚོགས་འདུར་ཞུགས།

གྲོས་ཚོགས་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་ལས་དོན་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱིས་རྩིས་བཤེར་ལྟ་སྐུལ་གྱི་གཞི་རྩའི་བླང་བྱ་དང་ཁྱད་ཆོས་ཆོས་ཉིད་གསལ་སྟོན་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་རྩིས་བཤེར་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད། ཙུང་ལི་ལིས་ཁི་ཆང་གིས་རྩིས་བཤེར་ཧྲུའུ་ཡི་བྱ་བའི་སྙན་ཞུར་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་ནི་རྩིས་བཤེར་ལས་དོན་ཡག་པོ་སྒྲུབ་པའི་ལག་ལེན་གྱི་ཕྱོགས་སྟོན་ཞིག་རེད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྩིས་བཤེར་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཙུང་ལི་ལིས་ཁི་ཆང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་ལག་བསྟར་གཏིང་ཟབ་བྱས་ནས། ཐོག་མཐའ་བར་གསུམ་ཀུན་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལྟ་སྐུལ་དང་ལེན། ཁྲིམས་ལྟར་འགན་འཁྲི་ནན་སྒྲུབ། རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་དང་སྤྱི་ཚོགས་འཁོར་སྐྱོད་ལ་འགན་ལེན་བཅས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་སྐྱེ་ཁམས་རྒྱུན་མཐུད་གཏོད་དགོས་ཟེར།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དུས་རབས་གསར་པའི་རྩིས་བཤེར་ལས་དོན་ཡག་པོ་སྒྲུབ་པར་ལག་རྩལ་མཐོ་ཙམ་དང་སྒྲིག་ཁྲིམས་ནན་ཙམ་དགོས་པ་དང་། རྩིས་བཤེར་གྱི་བདེན་དོན་རང་བཞིན་དང་ཡང་དག་རང་བཞིན། ལུགས་མཐུན་རང་བཞིན། ཁྲིམས་མཐུན་རང་བཞིན། ཕན་འབྲས་རང་བཞིན་བཅས་གཅིག་གྱུར་ཡོང་བ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི“སྲུང་སྐྱོབ”དང་སྲིད་འཛིན་འཁོར་སྐྱོད་ཀྱི་ལྟ་སྐུལ་པ། ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་དུ་བསྟར་བའི་དཔེ་སྟོན་པ་ཡག་པོ་ཞིག་བཅས་བྱེད་དགོས། གོ་རིམ་ཚད་ལྡན་དུ་གཏོང་རྒྱུ་དེ་གོ་རིམ་གལ་ཆེན་ཞིག་ཏུ་བརྩིས་ནས་རྩིས་བཤེར་གྱི་འགག་སྒོ་སྔ་སྣུར་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། བྱ་བ་སྒྲུབ་སྐབས་རྩིས་བཤེར་ལ་ཤུགས་སྣོན་བརྒྱབ་ནས་ཐབས་ཇུས་ཡང་དག་དང་། ལག་བསྟར་ཡང་དག ལྟ་སྐུལ་ཡང་དག་བཅས་ལ་སྐུལ་འདེད་གཏོང་དགོས། རྩིས་བཤེར་དཔུང་ཁག་གི་ཆེད་ལས་ཆུ་ཚད་དང་ལས་སྒོའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་གཞི་རིམ་གྱི་རྨང་གཞིའི་ནུས་པ་འཛུགས་སྐྲུན་ལ་དམིགས་ནས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་རྩིས་བཤེར་ལས་དོན་གྱི་རྨང་རྡོ་ཇེ་བརྟན་དུ་གཏོང་དགོས། མི་དང་བྱ་བར་དམིགས་པ་དང་། ཁྲིམས་འཛིན་ནན་མོ་བྱ་རྒྱུ་རྒྱུན་འཁྱོངས་དང་། འདྲ་མཉམ་དང་དྲང་གཞག་ཡོངས་བསྒྲགས་བཅས་མཚོན་པ་དང་། འདྲི་ཞིབ་ཡང་ཡང་བྱས་ཀྱང་ནོར་འཁྲུལ་ཡང་ཡང་ཤོར་བའི་གནད་དོན་ལ་དམིགས་ནས་དཔལ་འབྱོར་གྱི་གཟུགས་པོར་བརྟག་དཔྱད་བྱེད་ཤུགས་ཆེ་རུ་བཏང་སྟེ། ནད་ཡོད་སྨན་བཅོས་དང་ནད་མེད་ནད་འགོག ཕྱོགས་ཁག་གི་འབྲེལ་གཏུག་མཐུན་སྦྱོར་ལས་དོན་ཡག་པོ་བསྒྲུབས་ནས། རྒྱལ་ཁབ་རྩིས་བཤེར་ཧྲུའུ་དང་ཀྲིན་ཀྲིག་ཆེད་གཏོང་གཞུང་དོན་ཁང་གིས་མཚོ་སྔོན་གྱི་རྩིས་བཤེར་ལས་དོན་ལ་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུར་བརྩོན་ལེན་ཧུར་ཐག་བྱེད་དགོས་ཟེར།

གྲོས་ཚོགས་ལས་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་དེ་གའི་ཉིས་སྟོང་ཉི་ཤུ་ལོའི་རྩིས་བཤེར་ལས་གཞིའི་འཆར་འགོད་ཅེས་པར་གྲོས་མོལ་བྱས་ནས་གྲོས་འཆམ་བྱུང་།

ཞིང་ཆེན་ཏང་ཨུའི་རྩིས་བཤེར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཐིན་ཅཱ་ཚའེ་དང་། ཨུ་ཡོན་ཡུས་ཚུང་ལི་དང་ཀྲང་ཀོང་རུང་ཚོགས་འདུར་ཞུགས།

བན་དེ་སྐྱབས་ཀྱིས་བསྒྱུར།