མཚོ་སྔོན་གྱི་ཧུའུ་པེ་རུ་རོགས་སྐྱོར་བྱེད་པར་སོང་བའི་སྨན་བཅོས་མི་སྣས་ལས་འགན་ཡོངས་འགྲུབ་བྱས་ནས་ཕྱིར་མཚོ་སྔོན་དུ་ལོག
2020.03.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧུའུ་པེ་རུ་རོགས་སྐྱོར་བྱེད་པར་སོང་བའི་སྨན་བཅོས་མི་སྣས་ལས་འགན་ཡོངས་འགྲུབ་བྱས་ཏེ། ཧུའུ་པེ་ཝུའུ་ཧན་ནས་ཕྱིར་མཚོ་སྔོན་དུ་ལོག མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་དཔོན་པོ་ཝང་ཅན་ཅུན་གནམ་གྲུ་ཐང་ལ་བསུ་མ་བྱས་པར་སོང་བར་མ་ཟད། བསུ་མ་བྱེད་པའི་མཛད་སྒོ་སྟེང་ཤིས་ཚིག་ཕུལ། མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ཡུས་ཚོང་ལི་དང་ཁོང་ཡུང་གཉིས་བསུ་མ་བྱེད་པའི་མཛད་སྒོར་ཞུགས།

ཕྱི་དྲོའི་དུས་ཚོད་ལྔ་དང་སྐར་མ་སུམ་ཅུའི་སྟེང་། སྨན་བཅོས་ནད་གཡོག་རུ་ཁག་གི་རུ་མི་ཡོངས་ཚའོ་ཅཱ་པོ་གནམ་གྲུ་ཐང་ལ་ཐོན་པ་དང་། བྱ་བའི་མི་སྣས་ཁོ་ཚོར་མེ་ཏོག་ཆུན་པོའི་ལེགས་སྐྱེས་ཕུལ།

དགའ་བསུ་བྱེད་པའི་མཛད་སྒོའི་སྟེང་། སྨན་བཅོས་ནད་གཡོག་རུ་ཁག་གིས་ཧུའུ་པེ་ལ་རོགས་སྐྱོར་བྱས་པའི་བྱ་བའི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་བྱས། ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཚབ་བྱས་ནས་ཆེས་མཛེས་པའི་སྨན་བཅོས་མི་སྣ་དག་གིས་ལས་འགན་ཡོངས་འགྲུབ་བྱས་ནས་ཕྱིར་ལོག་པར་དགའ་བསུ་ཞུས། ཁོས་བཤད་རྒྱུར། དེ་རིང་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་ལ། མཐོ་སྒང་གི་དཔའ་བོ་དཔའ་མོ་ཚོས་ཧུའུ་པེ་ལ་རོགས་སྐྱོར་བྱེད་པའི་སྨན་བཅོས་ནད་གཡོག་ལས་འགན་ཡོངས་འགྲུབ་བྱས་རྗེས་བདེ་བླག་ངང་ཕྱིར་ཕ་ཡུལ་དུ་ལོག་པ་དང་། ངས་ཚང་མར་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་ཡིན། ཟླ་གཉིས་པའི་ཚེས་བཞི་ཉིན། ཁྱེད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་འབོད་སྐུལ་དང་ལེན་བྱས་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མངག་བཅོལ་གལ་ཆེན་ཕྲག་ཏུ་བླངས་ནས། ཧུའུ་པེ་ལ་རོགས་སྐྱོར་བྱེད་པར་སོང་བ་དང་། ཉིན་ཞེ་གསུམ་རིང་ཁྱེད་ཚོས་དུས་ཚོད་དམ་འཛིན་སྒོས་རིམས་ནད་འགོག་བཅོས་བྱས་ཏེ། སྨན་བཅོས་ནད་གཡོག་ལས་འགན་ཡོངས་འགྲུབ་བྱས་པ་དང་། ནད་པ་ཚོའི་ཁས་ལེན་དང་བསྔགས་བརྗོད་ཐོབ་ལ། མཐོ་སྒང་གི་བུ་དང་བུ་མོའི་མཚན་སྙན་ཧུའུ་པེ་རུ་ཁྱབ་པར་བྱས་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལོ་རྒྱུས་ཁྲོད་བཞག་ལ། ཚང་མས་མཚོ་སྔོན་དང་ཁྱིམ་ཚང་། ལས་ཁུངས། རང་ཉིད་ཀྱི་ཆེད་དུ་གཟི་བརྗིད་བརྩོན་ལེན་བྱས། ངས་འདི་ནས་ཚང་མར་བླ་མེད་ཀྱིས་དད་གུས་ཞུས་པ་ཡིན། འཆི་གསོན་གྱི་ཉམས་ཚོད་མདུན་དུ། ཁྱེད་ཚོས་འཇིག་པ་མེད་པ་དང་དཀའ་ངལ་ཁྱད་དུ་བསད་དེ་མདུན་བསྐྱོད་བྱས་པ་དང་། བྱམས་སེམས་ཆེན་པོས་དུས་རབས་ཀྱི་ནད་གཡོག་བྱ་བའི་ལེའུ་གསར་བ་བྲིས་པ་དང་། རང་ཁྱིམ་བློས་གཏོང་བའི་སྤོངས་པས་མི་ཚེའི་རིན་ཐང་ཏང་དང་མི་དམངས་ཀྱི་ཆེས་དགོས་མཁོ་ཆེ་བའི་ས་ཆ་ནས་མངོན་པར་བྱས་ལ། མི་སེམས་འགུལ་བའི་ལག་རྗེས་ཀྱིས་དྲང་ཕྱོགས་ཀྱི་ནུས་ཚད་གཅིག་ཏུ་བསྡུས་པ་དང་། ཁྱེད་ཚོའི་ཁག་ཁུར་བྱེད་ཕོད་པ་ནི་ནན་ཏིན་གེར་སྙིང་སྟོབས་དར་སྤེལ་བཏང་བ་དེ་ཡིན། མཇུག་མཐར་ངས་འདི་ནས་ལོ་ཟླའི་ནང་ཁྱེད་ཚོའི་ལུས་ཕུང་བདེ་ཐང་ཡོང་བ་དང་འཚོ་བ་བདེ་སྐྱིད་ལྡན་པ། ཅི་བསམ་ལྷུན་གྲུབ་ཡོང་བའི་སྨོན་འདུན་ཞུས་པ་ཡིན་ཟེར།

དགའ་བསུ་ཞུ་བའི་མཛད་སྒོ་མཇུག་བསྡུས་རྗེས། མཚོ་སྔོན་གྱི་ཧུའུ་པེ་རུ་རོགས་སྐྱོར་བྱེད་པར་སོང་བའི་སྨན་བཅོས་ནད་གཡོག་རུ་ཁག་གི་མི་སྣ་ཡོངས་རླངས་འཁོར་ལ་བསྡད་དེ་གཅིག་བསྡུས་ངལ་གསོ་བྱེད་སར་སོང་བ་དང་། ཝང་ཅན་ཅུན་སོགས་ཞིང་ཆེན་གྱི་འགོ་ཁྲིད་ཚོས་ཁོ་ཚོར་སྐྱེལ་མ་བྱས།

རིན་ཆེན་མཚོས་བསྒྱུར།