དབྱིན་པད་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱས།
2020.03.22 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 45

 ཟླ3པའི་ཚེས19ཉིན་ནས་ཚེས20ཉིན་བར།   ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དབྱིན་པད་ཀྱིས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་རྟོག་ཞིབ་བྱེད་སྐབས།   རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་།   ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ།   སྲིད་ཁྲིམས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་ཡོང་ཆེད་འགན་ལེན་བརྟན་པོ་བྱེད་དགོས་པ་ནན་བཤད་བྱས།

མིན་ཡོན་རྫོང་དང་། གུང་ཧོ་རྫོང་གི་ཞང་དང་གྲོང་རྡལ་གྱི་གྲོང་སྡེ་ཚོགས་པ་དང་། གཞི་རིམ་སྲིད་ཁྲིམས་སྡེ་ཁག་བཅས་སུ་བསྐྱོད་དེ་རིམས་ནད་འགོག་སྡོམ་དང་། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད། ཁྲིམས་འཛིན་སྒྲིག་གཞི་བཅོས་སྒྱུར། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་རྒྱུས་ལོན་ཞིབ་ཕྲ་བྱས་རྗེས། དབྱིན་པད་ཀྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་སྲིད་ཁྲིམས་སྡེ་ཁག་གིས་ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱེད་དགོས། རིམས་ནད་འགོག་སྡོམ་གྱི་དུས་མཚམས་རང་བཞིན་གྱི་བླང་བྱ་ཡང་དག་པར་ཁོང་དུ་ཆུད་པར་བྱེད་པ་དང་། གནས་ཚུལ་གསར་པ་དང་གནད་དོན་གསར་པར་དུས་ཐོག་ཏུ་ཞིབ་འཇུག་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་སྒོའི་ལས་དོན་ཁག་ལ་སྐུལ་འདེད་གཏོང་བའི་ཐད“གཉིས་རྒྱལ་ཡོང་བ”མངོན་འགྱུར་བྱས་ཏེ་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཁྱོན་ཡོངས་ནས་སླར་གསོ་དང“སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ལག་བསྟར་གཏིང་ཟབ་བྱ་ཆེད་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། ནག་འཇོམས་ངན་སེལ་གྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་གྲོང་ཁྱེར་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་བའི་ཚོད་ལྟའི་ལས་དོན་སྤེལ་བ་དང་ཟུང་འབྲེལ་བྱས་ཏེ། དུས་བསྟུན་མདུན་སྐྱོད་ཀྱིས་སྤྱི་ཚོགས་བཅོས་སྐྱོང་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ནུས་པ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྲིད་ཁྲིམས་ཁྱབ་ཁོངས་ཀྱི་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། བཅོས་སྒྱུར་ཀྱི་སྒུལ་ནུས་སྔར་བས་འཕེལ་བར་བྱེད་པ། བཅོས་སྒྱུར་མཁྲེགས་གཏོར་ལ་ཤུགས་སྣོན་རྒྱག་པ། བཅོས་སྒྱུར་ཀྱི་གཏིང་ཚད་ཆེ་རུ་གཏོང་བ་བཅས་བྱས་ནས་བཅོས་སྒྱུར་ཀྱི་ཕན་པ་འདོན་སྤེལ་བྱེད་དགོས། ཆབ་སྲིད་འཛུགས་སྐྲུན་གྱི་སྣེ་ཁྲིད་རྒྱུན་འཁྱོངས་ཀྱིས་ཚན་ཁག་ལ་དམ་འཛིན་དང་དཔུང་སྡེ་ལ་སྣེ་ཁྲིད་བྱེད་པའི་ཐད་ཤུགས་སྣོན་རྒྱག་དགོས་པ་དང་། མགྱོགས་མྱུར་སྒོས་གསར་བརྗེ་ཅན་དང་། ཚད་ལྡན་ཅན། ཆེད་ལས་ཅན། ལས་རིགས་ཅན་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སྲིད་ཁྲིམས་ཀྱི་རྣོ་ལྕགས་ལྟ་བུའི་དམག་དཔུང་ཞིག་ནུས་ཤུགས་ཡོད་རྒུས་འཛུགས་སྐྲུན་བྱེད་དགོས་ཟེར།

ཡིག་སྒྱུར་བ། ཤ་བོ་གསེར་མཚོ།