རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་།
2020.03.26 ཁུངས། ཀློག་གྲངས། 10

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོར་པྲོག་གསར་གློ་ཚད་ཀྱི་རིམས་ནད་བྱུང་བའི་དུས་མགོར་ཁྱེད་ཀྱིས་ཀྲུང་གོའི་ཕྱོགས་ལ་འཚམས་འདྲི་དང་རྒྱབ་སྐྱོར་བྱས་པར་མ་ཟད། འཇར་མན་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་སོ་སོས་ལང་ལོང་སྒོས་རོགས་སྐྱོར་བྱས་པ་དེ་ཀྲུང་གོ་མི་དམངས་ཀྱི་སེམས་སུ་ནམ་ཡང་དམ་པོར་བཟུང་ཡོད། མིག་སྔར་འཇར་མན་རྒྱལ་ཁབ་ཛ་དྲག་ཆེ་བའི་རིམས་ནད་ཀྱི་འགྲན་རྩོད་དང་འཕྲད་ཡོད་པ་དེ་ཀྲུང་གོ་མི་དམངས་ཀྱིས་ཟབ་མོར་ཤེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འཇར་མན་ཕྱོགས་ཀྱི་རིམས་ནད་འགོག་རྒོལ་ལ་རྒྱབ་སྐྱོར་བྱས་ཏེ། མུ་མཐུད་དུ་ནུས་ཤུགས་ཡོད་ཚད་བཏོན་ནས་རོགས་རམ་བྱེད་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་ཆེད་མཁས་པས་ཀྱང་བརྙན་རིས་བརྒྱུད་ནས་ཆེད་དུ་བརྗེ་རེས་བྱས་པ་དང་། མཇར་མན་གྱི་ཆེད་མཁས་པ་ཡང་འཛམ་གླིང་འཕྲོད་བརྟེན་རྩ་འཛུགས་ཀྱི་ཆེད་མཁས་པ་དང་མཉམ་དུ་ཀྲུང་གོར་རྟོག་ཞིབ་བྱེད་དུ་ཡོང་། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་རིམས་ནད་འགོག་བཅོས་ཚོད་འཛིན་དང་སྨན་བཅོས་བྱེད་པའི་ཉམས་མྱོང་བརྗེ་རེས་བྱེད་འདོད་ཡོད་པར་མ་ཟད། རིམས་འགོག་སྨན་ཁབ་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་ཕྱོགས་ནས་མཉམ་ལས་བྱེད་པར་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་ཐང་བདེ་སྐྱིད་དང་འཛམ་གླིང་གི་སྤྱི་ཐུན་འཕྲོད་བསྟེན་བདེ་འཇགས་ཐད་ལ་བྱས་རྗེས་འཇོག་འདོད་ཡོད་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ནད་དུག་ལ་རྒྱལ་མཚམས་ཀྱི་དབྱེ་བ་མེད་ལ། དེ་ནི་མིའི་རིགས་འཕྲད་པའི་ཐུན་མོང་གི་འགྲན་རྩོད་ཞིག་རེད། ཐེངས་འདིའི་རིམས་ནད་འགོག་བཅོས་ཀྱི་གོ་རིམ་ཁྲོད་དུ་ཀྲུང་གོ་དང་འཇར་མན། ཡོ་རོབ་གླིང་དབུས་མ་བཅས་ཀྱིས་མཐུན་སྒྲིལ་མཉམ་ལས་ཀྱི་སྟོབས་ཤུགས་བཏོན་ནས། དྲང་ཕྱོགས་ཀྱི་ནུས་ཚད་འདོན་སྤེལ་གང་ལེགས་བྱས་ཡོད་ཟེར།

མའོ་ཁི་ཨར་གྱིས་བསྟན་དོན། དེང་སྐབས་ཡོ་རོབ་གླིང་གི་རིམས་ནད་གནས་ཚུལ་ཛ་དྲག་ཆེ་བ་དང་། འཇར་མན་ཕྱོགས་ཀྱིས་འཕྲལ་ཐག་ཆོད་པའི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ལག་བསྟར་བྱེད་བཞིན་པའི་སྒང་ཡིན། ཀྲུང་གོ་ཕྱོགས་ཀྱིས་དུས་ལྟར་འདོན་སྤྲོད་བྱས་པའི་རིན་ཐང་བྲལ་བའི་རོགས་རམ་ལ་འཇར་མན་ཕྱོགས་ཀྱིས་བཀའ་དྲིན་ཞུ་བཞིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་གསར་གཏོད་དང་སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་ཚན་རྩལ་མཉམ་ལས་སྤེལ་ཏེ། མཐུན་སྒྲིལ་གྱིས་རིམས་ནད་འགོག་བཅོས་བྱེད་པའི་མིག་དཔེ་སྟོན་ཐུབ་པར་རེ་བ་བྱེད་བཞིན་ཡོད་ཟེར།