ཡན་ཅིན་ཧའེ་ཡིས་མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་ཡི་བྱ་བར་རྟོག་ཞིབ་བྱས།
2020.03.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 40

མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དང་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིའུ་ཉིང་གི་བྱ་བའི་རེ་བ་ལྟར། ཟླ་གསུམ་པའི་ཚེས་ཉེར་བཞི་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧའེ་མཚོ་ཤར་གྲོང་ཁྱེར་ཕེན་ཨན་ཆུའུ་ཡོན་ཅཱ་སྡེ་བ་སོགས་ཀྱི་ཚོང་ལས་ཁེ་ལས་དང་སྒོག་པ་འདེབས་འཛུགས་དང་ཕག་གསོ་སྤེལ་ལྟེ་གནས། པད་ཧྲིན་ཆུ་བོའི་སྐྱེ་ཁམས་སླར་གསོ་ལས་གཞི། མཚོ་ཤར་གྲོང་ཁྱེར་སློབ་འབྲིང་གཉིས་པ་བཅས་སུ་སོང་ནས་ལས་ཐོན་སླར་གསོ་དང་སློབ་འགོ་རྩོམ་པའི་བྱ་བར་རྟོག་ཞིབ་བྱས་པ་མ་ཟད། ཧྲི་ཧུའེ་ཅོ་ཧོས་རིགས་ཞང་དུ་སོང་ནས་ལས་བྱེད་པ་ཁྲི་ཕྲག་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ལ་ཞིབ་བཤེར་བྱས།

ཡན་ཅིན་ཧེ་ཡིས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་བྱ་བའི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་ནན་མོ་བྱེད་པ་དང་། མིག་སྔའི་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ལ་རྒྱུས་ལོན་ཡང་དག་བྱས་ཏེ། བྱ་བའི་གཙོ་གནད་ལས་ཐོན་སླར་གསོ་ནས་ཐོན་སྐྱེད་དང་ཕན་འབྲས་བཟང་བོ་ལེན་པར་བསྒྱུར་བ་དང་ཡུན་ཐུང་འཕྲལ་བསྟུན་ནས་ཡུན་རིང་བོར་རྒྱུན་བསྲིང་བར་བསྒྱུར་བ། གཙོ་གནད་འགན་སྲུང་ནས་སྤྱི་ཡོངས་སྐུལ་འདེད་ལ་བསྒྱུར་བར་སྐུལ་འདེད་གཏོང་དགོས། སྟོབས་ཤུགས་གཅིག་ཏུ་བསྡུས་ནས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ལེན་པ་དང་ཁྱོན་ཡོངས་ཀྱི་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཞིང་གསུམ་ཁྱབ་ཁོངས་ཀྱི་འབུར་ཐོན་ཞན་ཆ་ཁ་གསབ་བྱེད་པའི་ལས་འགན་གཙོ་བོ་གཉིས་ཡོངས་འགྲུབ་བྱེད་པ་དང་། ལས་བྱེད་པ་ཁྲི་ཕྲག་གཞི་རིམ་དུ་བསྐྱོད་པའི་བརྩོན་སེམས་ཆེར་སྐྱེད་པ་དང་དབུལ་ཐར་གཏན་འཇགས་སུ་གཏོང་བ། འབྱོར་འབྲིང་བསུ་བའི་བྱ་འགུལ་ལ་དམ་འཛིན་བྱེད་པ། ཆེད་དོན་འགུལ་སྐྱོད་བརྟན་བརླིང་ངང་སྤེལ་བ། ལྗང་མདོག་སྐྱེ་ལྣད་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ། ཞིང་ཕྱུགས་ལས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བ། རོང་འབྲོག་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་གཏན་འཇགས་རྒྱུན་འཁྱོངས་བྱས་ནས། དབུལ་ཐར་མཁྲེགས་གཏོར་གྱི་མཇུག་བཟང་བོ་བསྡུ་བར་ཁག་ཐེག་བྱེད་པ་དང་། མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་ཁག་ཐེག་བྱེད་དགོས་ཟེར།

རིན་ཆེན་མཚོས་བསྒྱུར།