ཞིང་ཆེན་དམག་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་རོགས་འདེགས་བྱེད་པའི་ཡར་སྐུལ་ཚོགས་འདུ་ཟི་ལིང་ནས་བསྡུས།
2020.03.27 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 17

ཟླ་གསུམ་པའི་ཚེས་ཉེར་ལྔ་ཉིན། ཞིང་ཆེན་དམག་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་རོགས་འདེགས་བྱེད་པའི་ཡར་སྐུལ་ཚོགས་འདུ་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་ཧྲུའུ་ཅི་ཝང་ཅན་ཅུན་དང་ཧྲིན་ཀྲང་ལིའུ་ཉིང་གི་མངག་བཅོལ་ལྟར་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམག་ཁུལ་གྱི་དམག་སྤྱི་ཆེན་མོ་ཆུས་ཞིན་ཡུང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད་གཏམ་བཤད། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་ཝང་ཞིག་ཧྥིན་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་པ་དང་། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་ཡང་ཁི་ཞང་གྲོས་ཚོགས་ལ་ཞུགས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཐར་མཁྲེགས་གཏོར་ཐད་ལ་གནང་བའི་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་བྱས་ཤིང་། ཞིང་ཆེན་ཡོངས་སུ་དབུལ་ཐར་མཁྲེགས་གཏོར་བྱ་བར་སྐུལ་འདེད་བཏང་བའི་སྒྲུབ་སྟངས་དང་གྲུབ་འབྲས་ཕྱིར་དྲན་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་དབུལ་ཐར་མཁྲེགས་གཏོར་གྱི་དམིགས་འབེན་དང་ལས་འགན་ཁྱབ་སྒྲོག་བྱས་པར་མ་ཟད། ཞིང་ཆེན་དམག་ཁུལ་གྱིས་དབུལ་ཐར་མཁྲེགས་གཏོར་ཐད་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པར་རོགས་འདེགས་བྱེད་པའི་བྱ་བ་གཙོ་བོ་གཏན་འཁེལ་གསལ་བོ་བྱས།

ཚོགས་འདུ་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པ་བརྒྱུད་དེ་ཚོགས་པ་དང་། ཞིང་ཆེན་དམག་ཁུལ་ནས་ཚོགས་ར་གཙོ་བོ་བཙུགས་ཤིང་། ཡན་ལག་དམག་ཁུལ་སོ་སོ་དང་མི་དམངས་དྲག་ཆས་པུའུ། ཟི་ལིང་ལས་བྱེད་པའི་ངལ་གསོ་ཁང་བཅས་སུ་ཡན་ལག་ཚོགས་ར་བཙུགས་པ་དང་། ཞིང་ཆེན་དམག་ཁུལ་གྱི་ལས་བྱེད་པ་དང་ལས་བཟོ་བ། རོགས་སྐྱོར་སྡེ་བའི་ཧྲུའུ་ཅི་དང་པོ་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་དབུལ་སྐྱོར་གསར་སྤེལ་ཅུའུ་ཡི་འགན་འཁུར་བ་ཚོགས་ར་གཙོ་བོའི་གྲོས་ཚོགས་ལ་ཞུགས།