ལིག་ཐུང་ཏི་ཡིས་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་འགྲུབ་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱེད་སྐབས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཏན་ཏིག་བྱས་ནས་ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱག་དགོས་པ་ནན་གྱིས་བསྟན།
2020.04.01 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་3པའི་ཚེས་30ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་ཡིས་ཚན་ཆུང་གི་སྣེ་ཁྲིད་ནས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དུ་སོང་ནས2019ལོའི་ལོ་འཁོར་གྱི་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་འགྲུབ་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་། རྟོག་ཞིབ་ཚན་ཆུང་གིས་ཆེད་དོན་སྙན་ཞུ་ལ་ཉན་པ་དང་། བཞུགས་མོལ་བརྗེ་རེས་བྱས་པར་མ་ཟད། “སྐྱེ་ཁམས་སྐར་ཁུང”ལ་ལྟ་ཞིབ་བྱེད་པ་བཅས་བརྒྱུད་ནས་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས།

ལིག་ཐུང་ཏི་ཡིས་གཏམ་བཤད་ཁྲོད་ན་ནིང་གི་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་འགྲུབ་བྱས་པའི་གནས་ཚུལ་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་བཏང་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཏན་ཏིག་བྱེད་དགོས། དུས་རབས་གསར་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི“རྩ་དོན་ཆེན་པོ་དྲུག”ལ་ཕྱོགས་ཡོངས་ནས་དམ་འཛིན་བྱས་ཏེ“ཀྲུང་ཧྭའི་ཆུ་གཏེར”ལ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་མཐའ་གཅིག་ཏུ་འཁུར་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ། ནུས་ཤུགས་གང་ཡོད་ཀྱིས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་ཡག་པོ་རྒྱག་པ། “དཔེ་སྟོན་ཞིང་ཆེན་ལྔ”འཛུགས་སྐྲུན་ལ་སྤྱི་འདོམས་བྱེད་པ། “སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་ལས་དོན་མཉམ་སྒྲུབ་ལ་ཤུགས་སྣོན་རྒྱག་དགོས། 2019ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་ཚད་ལེགས་འགྲུབ་བྱས་པའི་གནས་ཚུལ་གྱི་སྙན་ཞུ་དང་། ས་གཤིས་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར། 《མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》གི་ཁྲིམས་འཛུགས་རྟོག་ཞིབ་སོགས་མཐུན་སྦྱོར་གཞོགས་འདེགས་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་གནད་སྨིན་དང་། ཚན་རིག་དང་མཐུན་པ། ཁྲིམས་ལྟར་སྦགས་བཙོག་བཅོས་སྐྱོང་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་བ། དམངས་ཆེན་གྱི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་དམངས་ཆེན་གྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་དགོས། 《ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་སྔར་ལས་ལྷག་པའི་སྒོ་ནས་དུས་རབས་གསར་པའི་དམངས་ཆེན་འཐུས་མིའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར་》སོགས་འབྲེལ་ཡོད་ཡིག་ཆའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། དམངས་ཆེན་འཐུས་མིའི་ལས་དོན་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱེད་པ། འཐུས་མིའི་གྲོས་གཞི་ནན་ཏན་ངང་སྒྲུབ་པ། ཞིང་ཆེན་དམངས་ཆེན་གྱི་བྱ་བ་སོ་སོར་གཞོགས་འདེགས་དང་རྒྱབ་སྐྱོར་བཅས་བྱས་ནས་ཁྲིམས་ལྟར་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པའི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་ཟེར།

ཤ་བོ་གསེར་མཚོས་སྒྱུར།