མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་བཅོ་ལྔ་བ་ཟི་ལིང་དུ་བསྡུས།
2020.04.08 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཟླ་བཞི་བའི་ཚེས་བདུན་ཉིན། མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་ཟི་ལིང་ནས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་ཐེངས་བཅོ་ལྔ་བ་བསྡུས་ཤིང་། ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་འགན་ཁུར་མི་སྣ་གདན་དྲངས་ནས། མཚོ་སྔོན་གྱིས་ཕྱི་རྒྱལ་ནས་ཡོང་བའི་ཏོག་དབྱིབས་ནད་དུག་གསར་པ་ཕོག་པའི་ནད་པ་གཅིག་ཡོད་པ་ངོས་འཛིན་བྱས་པའི་གནད་དོན་ལ་ལན་ཁ་གསལ་བཏབ།

མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ། ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡི་དྲིལ་སྒྲོག་ཚན་ཁག་གི་ཚན་གཙོ་ཝང་ཀྲི་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཐེངས་འདིའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་དུ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཝང་ཧུའུ་ཡིས། “ཟླ4ཚེས6ཉིན། རང་རེའི་ཞིང་ཆེན་གྱིས་ཕྱི་ཕྱོགས་ཀྱི་ཏོག་དབྱིབས་ནད་དུག་གསར་པ་འགོས་པའི་ནད་པ་གཅིག་ནང་ཁུལ་དུ་ཐོན་དུ་བཅུག་པ་དེ་དང་འབྲེལ་བའི་གནས་ཚུལ”ཁྱབ་བསྒྲགས་བྱས། དེའི་རྗེས་ཟི་ལིང་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀའོ་ཝེ་ཡིས། ཕྱི་རྒྱལ་ནས་ཡོང་བའི་ཏོག་དབྱིབས་ནད་དུག་གི་ནད་རྟགས་མི་མངོན་པའི་ནད་པ་གསར་པ་ཐོག་མ་དང་འབྲེལ་བ་དམ་ཟབ་བྱེད་མཁན་ལ་རྩད་ཞིབ་བྱས་པའི་གནས་ཚུལ་དང་། དེ་བཞིན་མ་འོངས་པའི་བྱ་བའི་ཁ་གཏོད་ཡུལ་ཁྱབ་བསྒྲགས་བྱས།  དེའི་རྗེས་ཞིང་ཆེན་ཕྱི་དོན་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གཞོན་པ་མཱ་ནེ་ཡིས། ཕྱི་རྒྱལ་ན་ཡོད་པའི་མཚོ་སྔོན་གྱི་སྤྱི་དམངས་ཀྱི་རིམས་འགོག་སེམས་གསོ་ཞབས་ཞུའི་ལས་ཀ་བྱེད་ཐབས་ལ་འགྲེལ་བཤད་བྱས། མཇུག་མཐར། ཞིང་ཆེན་སྤྱི་བདེ་ཐིན་གྱི་ཐིན་ཀྲང་གཞོན་པ་ཝང་ཆང་གིས་རང་ཞིང་གིས་མངའ་ཁོངས་ཕྱིའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་དགོས་པའི་གནས་ཚུལ་ཁྱབ་བསྒྲགས་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།