མཱ་ཅི་ཞའོ་ཡིས་ཁེ་ལས་བྱ་བར་རྟོག་ཞིབ་བྱས།
2020.05.21 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 11

ཟླ་ལྔ་བའི་ཚེས་ཉི་ཤུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་དང་ཀོང་ཧུའེ་རླངས་འཁོར་མཚོ་སྔོན་ཀུང་ཟིར་བསྐྱོད་དེ། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་དང་། ཀུང་ཟིའི་བཅོས་སྐྱོང་གསར་གཏོད། བཟོ་ཚོགས་ཀྱི་ལས་དོན་བཅས་ལ་རྟོག་ཞིབ་བྱས་ཏེ། ཁེ་ལས་ཀྱི་འགན་འཁུར་བ་དང་ན་གཞོན་ལས་བཟོ་པ། ངལ་རྩོལ་དཔེ་བཟང་བ་བཅས་ཀྱི་འཐུས་མི་དང་བཞུགས་མོལ་བརྗེ་རེས་བྱས་ནས་ནན་གྱིས་བསྟན་དོན། གཞོན་ནུ་ལས་བཟོ་བའི་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་། དུས་རབས་ཀྱི་སྙིང་སྟོབས་གསར་པ་དར་སྤེལ་ཤུགས་ཆེན་བཏང་ནས། མཚོ་སྔོན་གསར་པ་འཛུགས་སྐྲུན་བྱ་ཆེད་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཅིག་ཏུ་སྒྲིལ་དགོས་ཟེར།

མཱ་ཅི་ཞའོ་ཡིས་བསྟན་དོན། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་དོན་འཁྱོལ་དང་། ལས་ཀ་སླར་གསོ་དང་ཐོན་སྐྱེད་སླར་གསོ་ལ་རམ་འདེགས་བྱེད་པའི་ཁྲོད་ལངས་ཕྱོགས་བརྟན་ལ་བྱས་རྗེས་ཆེ་བ། ཞབས་ཞུ་ལེགས་པ། འགན་འཁྲི་འཁུར་ཕོད་པ་བཅས་བྱས་པར་མ་ཟད། བདེ་འཇགས་ཐོན་སྐྱེད་ལ་མཐོང་ཆེན་དང་ཕུལ་བྱུང་ཁེ་ལས་ཀྱི་རིག་གནས་སྐྱེད་སྲིང་། ཚོགས་པ་རྩེ་གྲ་བཏོད་པ་བཅས་བྱས་ཡོད་པ་ལས་གཞན། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྲུང་དབྱང་ཁེ་ལས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། སྡེ་ཚོགས་ཀུང་ཟིས་ན་གཞོན་ལས་བཟོ་པའི་བསམ་བློའི་ཁྲིད་སྟོན་དང་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད། ལས་བཟོ་བའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ལ་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན་བྱས་ནས་ཁེ་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།