ཨུ་ཡོན་ལིས་ཆིན་གྱིས་རིམས་ནད་འགོག་སྡོམ་བྱས་རྗེས་དམངས་གཉེར་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་རོགས་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།
2020.05.23 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 33

རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་གྱི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན་ལིས་ཆིན་གྱིས། རྒྱལ་ཁབ་རིམ་པ་ནས་ཇུས་འགོད་རྩེ་རིམ་བཟོ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་།  ཐབས་མང་མཉམ་སྤྱོད་དང་གནད་འཁེལ་ཇུས་བསྟར། མཉམ་ལས་ཡག་པོ་བཅས་ཏེ། ཁེ་ལས་ཀྱིས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། དམངས་གཉེར་དཔལ་འབྱོར་གྱི་རྒྱུན་མཐུད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་དགོས་པའི་གྲོས་གཞི་བཏོན།
གྲོས་གཞིའི་ནང་བཤད་རྒྱུར། པྲོག་དབྱིབས་གློ་ཚད་ལ་འགོག་སྡོམ་བྱས་པ་ནས་བཟུང་། རྒྱ་ཆེའི་དམངས་གཉེར་ཁེ་ལས་ཀྱིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གི་འབོད་སྐུལ་རང་འགུལ་ངང་དང་ལེན་ཞུས་པ་དང་། སྤྱི་ཚོགས་ཀྱི་འགན་འཁྲི་ནན་ཏན་གྱིས་བསྒྲུབས་པ། གཙོ་གནད་སྨན་བཅོས་དངོས་ཟོག་དང་འཚོ་བའི་མཁོ་ཆས་ཀྱི་འདོན་སྤྲོད་འགན་ལེན་ལས་དོན་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ནས། རྒྱལ་ཡོངས་ཀྱི་རིམས་ནད་འགོག་སྡོམ་གྱི་མཁར་རྫོང་བརྟན་པོ་ཐུན་མོང་ཐོག་བསྐྲུན་ཡོད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁེ་ལས་ཀྱིས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་རྩོམ་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ནོར་སྲིད་དང་ཁྲལ་བསྡུ། དངུལ་རྩ། སྤྱི་ཚོགས་འགན་སྲུང་སོགས་ཀྱི་རོགས་སྐྱོར་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་ཟེར།

ལིས་ཆིན་གྱིས་གྲོས་འགོ་བཏོན་ནས་བཤད་རྒྱུར། ནོར་སྲིད་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས་པ་དང་། དངུལ་རྩའི་འགན་ལེན་སྲིད་ཇུས་དོན་འཁྱོལ་བྱས་ནས་མ་དངུལ་བསྡུ་སྒྲིལ་གྱི་དཀའ་ངལ་ཞི་ལྷོད་དུ་གཏོང་དགོས། ཁེ་ལས་ལ་རོགས་སྐྱོར་དང་ལས་གནས་བརྟན་པོ་ཡོང་བའི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་ནས། ལས་གནས་བརྟན་པོ་ཡོང་བར་བྱེད་པ་དང་ལས་མི་བཀོལ་བར་འགན་ལེན་བྱེད་པ། གཉེར་སྐྱོང་ཁུར་པོ་ཇེ་ཡང་དུ་གཏོང་བའི་བྱེད་ཐབས་ལག་ལེན་བསྟར་བྱས་ནས། བརྟན་བརླིང་ངང་ཁེ་ལས་གཉེར་སྐྱོང་ཐུབ་པར་འགན་ལེན་ཧུར་ཐག་བྱེད་དགོས། ལས་འགོ་བསྐྱར་རྩོམ་སྒྲིག་ལམ་མཐུན་སྦྱོར་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ནས། དམངས་གཉེར་ཁེ་ལས་དཀའ་གནད་ལས་སྒྲོལ་ཆེད་འདེགས་སྐྱོར་ཤུགས་ཆེན་བྱེད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།