མཚོ་སྔོན་འཐུས་ཚབ་ཚོགས་པས་མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།
2020.05.25 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 26

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས། མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱས་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པའི་གྲོས་གཞི་བཏོན།

གྲོས་གཞིའི་ནང་།མཚོ་སྔོན་གྱི་སྐྱེ་ཁམས་གནས་བབ་དམིགས་བསལ་དང་གལ་ཆེན་ཡིན། མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ཞིང་ཆེན་དང་པོ་དང་རྒྱལ་ཡོངས་ཀྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གཉིས་ལྡན་གྱི་ཚོད་ལྟའི་ཞིང་ཆེན་ཐོག་མ་དེ་རེད། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་འགོ་ཚུགས་ཚུན་དུ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་བསམ་བློའི་ངོས་ཐད་ནས་མཐོང་ཆེན་བྱེད་ཀྱིན་ཡོད། ངོས་འཛིན་ཐད་ཚད་མཐོའི་གཅིག་གྱུར་དང་རང་འགན་རང་འཁུར། ཕྱར་བ་གྲུ་འདེགས། འཆར་འགོད་བཟོ་བ། གཞི་རྩའི་བརྟག་དཔྱད། བཅའ་ཁྲིམས་དང་ཁྲིམས་སྲོལ། སྐྱེ་ཁམས་བཟོ་སྐྲུན་སོགས་ཀྱི་འཛུགས་སྐྲུན་ལས་འགན་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་དང་། དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་ཡོད། དོ་དམ་སྒྲིག་སྲོལ་འཐུས་སྒོ་ཇེ་ཚང་དུ་སོང་བ་དང་། ལས་ཁུངས་འཁོར་སྐྱོད་ཉིན་རེ་བཞིན་བདེ་བླག་བྱུང་བ། དོ་དམ་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་ཚོད་ལྟའི་ཕན་འབྲས་རིམ་བཞིན་མངོན་གསལ་དོད་དུ་ཕྱིན་ཡོད། འོན་ཀྱང་མ་དངུལ་འཇོག་པའི་གནོན་ཤུགས་ཅུང་ཆེ་བ་དང་། ཤེས་ལྡན་མི་སྣའི་སྟོབས་ཤུགས་ཞན་པ་སོགས་ཀྱི་དཀའ་ངལ་དང་གནད་དོན་ཡང་མདུན་དུ་ལྷགས་ཡོད་ཟེར།

འཐུས་ཚབ་ཚོགས་པས་ཀྲུང་དབྱང་གིས་ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྣ་མང་ཅན་གྱི་སྐྱེ་ཁམས་ཁ་གསབ་ལམ་སྲོལ་འཛུགས་པ་དང་། དངུལ་རྩའི་འདེགས་སྐྱོར་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་ཡོངས་ནས་མཛུབ་ཁྲིད་བྱེད་དགོས་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།