ཞི་ཅིན་ཕིང་གིས་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ལ་ཁ་པར་བཏང་།
2020.06.13 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 16

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་བཅུ་གཅིག་ཉིན་གྱི་དགོང་མོར་ཧྥི་ལི་ཕིན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ལ་ཁ་པར་བཏང་།

ཞི་ཅིན་ཕིང་གིས་བསྟན་དོན། པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ཚུན་ལ། ཀྲུང་གོ་དང་ཧྥི་ལི་ཕིན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་མི་དམངས་ཀྱིས་ཕན་ཚུན་ལ་རོགས་སྐྱོར་དང་མཉམ་དུ་རིམས་འགོག་བྱས་ནས། ཕྱོགས་གཉིས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་བཏང་། ཁྱོད་ཀྱི་འགོ་ཁྲིད་འོག ཧྥི་ལི་ཕིན་ཕྱོགས་ཀྱིས་ནུས་ལྡན་རིམས་འགོག་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་རིམས་འགོག་ཐད་ནས་གྲུབ་འབྲས་མངོན་གསལ་བླངས་པར་ང་རང་ཧ་ཅང་དགའ་སྤྲོ་སྐྱེས་འདུག ཧྥི་ལི་ཕིན་མི་དམངས་ཀྱིས་མཐུན་སྒྲིལ་རོགས་ལས་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ་སྔ་མོ་ནས་རིམས་ནད་འགོག་རྒོལ་ཐད་ནས་རྒྱལ་ཁ་ལེན་པ་དང་། ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སླར་གསོ་བྱེད་པར་བདག་ལ་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧྥི་ལི་ཕིན་ཕྱོགས་ཀྱི་དགོས་མཁོ་ལྟར་མུ་མཐུད་ནས་རོགས་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་པར་མ་ཟད། ཧྥི་ལི་ཕིན་ཕྱོགས་དང་མཉམ་ལས་དམ་པོ་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་རིམས་འགོག་བྱེད་པར་རྒྱབ་སྐྱོར་བྱེད་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འགོ་ཁྲིད་ཀྱི་ནུས་པ་ཆེན་པོ་འདོན་པར་རྒྱབ་སྐྱོར་བྱས་ནས། མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གྲོས་མཐུན་ཚོགས་པ་མཉམ་སྐྲུན་བྱེད་འདོད་ཡོད་ཟེར།

ཏུའུ་ཐི་ཨར་ཐི་ཡིས་བཤད་དོན། ད་ལོ་ནི་ཧྥི་ལི་ཕིན་དང་ཀྲུང་གོའི་བར་འབྲེལ་བ་བཙུགས་ནས་ལོ་ཞེ་ལྔ་ལོན་པའི་ལོ་ཡིན་པ་དང་དེ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཁྲོད་ཀྱི་ལམ་ཚད་རྡོ་རིང་གལ་ཆེན་ཞིག་ཡིན། ཁྱེད་ཀྱི་ཡང་དག་པའི་འགོ་ཁྲིད་འོག ཀྲུང་གོས་རིམས་ནད་འགོག་བཅོས་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་པར་མ་ཟད་ཧྥི་ལི་ཕིན་སོགས་རྒྱལ་ཁབ་གང་མང་ལ་རོགས་སྐྱོར་བྱེད་ཀྱིན་ཡོད་ལ། ལྷག་པར་དུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་འགོག་ཁབ་ཞིབ་འཇུག་གསར་སྤེལ་བྱས་ཏེ་ལེགས་འགྲུབ་བྱུང་བར་མ་ཟད་བཀོལ་སྤྱོད་བྱས་རྗེས་འཛམ་གླིང་ཡོངས་ཀྱི་སྤྱི་ཐུན་ཐོན་རྫས་ཡིན་པ་ཁྱབ་སྒྲོག་བྱས་པ་དེས་མིའི་རིགས་ཡོངས་ལ་ཕན་ཁེ་སྐྲུན་ངེས་རེད། ཧྥི་ལི་ཕིན་ཕྱོགས་ཀྱིས་མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་། ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་བརྗེ་རེས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་མྱུར་དུ་ལས་ཐོན་སླར་གསོ་བྱེད་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

                                                                                                བཀྲ་ཤིས་འབུམ་གྱིས་བསྒྱུར།