རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྲུང་རྐྱེན་སྲོལ་གྱི་གྲོས་ཚོགས་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ་པེ་ཅིང་དུ་མཉམ་འདུས་རང་བཞིན་གྱིས་རིམས་ནད་རྒྱ་ཡན་དུ་འགྲོ་བའི་སྣང་ཚུལ་ལ་བཀག་འགོག་བྱེད་དགོས་པ་ནན་གྱིས་བསྟན། 
2020.06.15 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 9

རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་སྲུང་རྐྱེན་སྲོལ་གྱིས་ཚེས་བཅུ་བཞིའི་ཉིན་གྲོས་ཚོགས་བསྡུས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱས་ཤིང་། ཙུང་ལི་ལིས་ཁི་ཆང་གི་མཆན་བཀོད་རེ་བ་དངོས་འབེབ་བྱེད་པ་དང་། ནུས་ལྡན་གྱི་བྱེད་ཐབས་སྤྱད་དེ་པེ་ཅིང་གི་མཉམ་འདུས་རང་བཞིན་གྱིས་རིམས་ནད་རྒྱ་ཡན་དུ་འགྲོ་བའི་སྣང་ཚུལ་བཀག་འགོག་བྱེད་དགོས་ཟེར། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཐེངས་འདིའི་མཉམ་འདུས་རང་བཞིན་གྱི་རིམས་ནད་དེ་གསར་དུ་བྱུང་བའི་ཞིང་ཞོར་ཐོན་རྫས་སྡེབ་འཚོང་ཚོང་རར་འབྲེལ་བ་དམ་ཟབ་ཡོད་པ་དང་། ཚོང་རར་མི་མང་བོ་འདུས་ཡོད་ལ་འཁོར་རྒྱུག་རང་བཞིན་ཧ་ཅང་ཆེ་བས། གསར་བྱུང་གི་གནས་དང་དེའི་ཉེ་འཁོར་ས་ཁུལ་གཙོར་བཟུང་ནས་ཞིབ་བཤེར་ནན་མོ་བྱེད་དགོས་ལ། རིམས་ནད་འབྱུང་སའི་རྩ་བ་སྔོག་བཤེར་བྱེད་པའི་བྱ་བ་ནན་ཏན་སྒོས་སྤེལ་དགོས། པེ་ཅིང་གྲོང་ཁྱེར་གྱིས་ཉིང་སྐྱུར་གྱི་ཚད་འཇལ་ནུས་པ་མཐོར་འདེགས་སྒོས་ས་ཁུལ་གཙོ་བོ་དང་མི་ཚོགས་གཙོ་བོར་ཞིབ་བཤེར་བྱེད་པ་དང་། རིམ་བཞིན་ཞིབ་བཤེར་གྱི་ཁྱབ་རྒྱ་ཇེ་ཆེར་གཏོང་བར་རྒྱབ་སྐྱོར་བྱེད་དགོས། སྡོད་ཁུལ་གྱི་དོ་དོམ་བྱེད་ཐབས་གཟབ་ནན་དང་རེ་རེ་བཞིན་རྩད་ཞིབ་བྱས་ཏེ་དོགས་ཡོད་མི་སྣ་གཙོ་བོ་དག་གཅིག་བསྡུས་ཀྱིས་ཁ་ཁར་བྱས་ཏེ་དོ་དམ་བྱེད་དགོས། སྨན་བཅོས་ལས་ཁུངས་སོ་སོའི་ཚ་རྒྱས་ནད་བརྟག་ཁང་གི་ཚད་ལྡན་བཀོད་སྒྲིག་དང་བསྒྱུར་བཀོད་ལ་ཤུགས་སྣོན་བྱེད་པ་དང་། ཐོག་མའི་བརྟག་དཔྱད་ཀྱི་འགན་འཁྲིའི་ལམ་ལུགས་དངོས་འབེབ་ནན་མོ་བྱས་ནས། སྨན་ཁང་དུ་རིམས་ནད་རྒྱ་ཡན་ལ་འགྲོ་བར་སྔོན་འགོག་བྱེད་དགོས། དུས་རབས་གསར་བའི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ནན་གྱིས་སྤེལ་ཏེ། རྒྱལ་ཡོངས་ཀྱི་ཞིང་ལས་ཉོ་ཚོང་ཚོང་ར་དང་བཟའ་བཏུང་། དངོས་རྒྱུན་སོགས་ཀྱི་ལས་རིམ་སོ་སོར་གཅིག་བསྡུས་ཀྱིས་དུག་སེལ་བྱེད་དགོས་ཟེར། 

གྲོས་ཚོགས་ནས་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ངེས་པར་དུ་རིམས་འགོག་བྱ་བ་དམ་འཛིན་བྱེད་དགོས་པ་དང་། ཕྱོགས་བཞིའི་འགན་འཁྲི་ཇེ་དྲག་ཏུ་བཏང་སྟེ། ཐོག་མཐའ་བར་གསུམ་དུ་ཕྱི་ཡོང་མི་སྣའི་འགོག་སྲུང་དང་ནང་ཁུལ་ནས་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱེད་པའི་བྱ་བ་དམ་འཛིན་བྱེད་དགོས་པའི་རེ་བ་བཏོན། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།