ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལའོ་ཝའོ་ཡི་རིམས་འགོག་མཉམ་ལས་ཐད་ནས་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་བར་ཕན་ཚུན་འཚམས་འདྲི་མཛད། 
2020.06.16 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 61

ཟླ་དྲུག་པའི་ཚེས་བཅོ་ལྔ་ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལའོ་ཝའོ་རྒྱལ་ཁབ་གཉིས་ཀྱི་རིམས་འགོག་མཉམ་ལས་ཐད་ནས་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི་པིན་དབྱང་ལ་ངག་འཕྲིན་བསྐུར། 

ཞི་ཅིན་ཕིང་གིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཡི་བརྩེ་བ་ལྡན་པའི་འཕྲིན་ཡིག་འབྱོར་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུང་གོས་ལའོ་ཝའོ་ཡི་རིམས་འགོག་རོགས་སྐྱོར་ཐད་ནུས་པ་གལ་ཆེན་བཏོན་པ་ཤེས་རྗེས་བདག་ཡིད་སེམས་སྤྲོ་དགས་བརྟས་ཡོད། སྐབས་འདིར་བདག་གིས་ཀྲུང་གོའི་ཏང་དང་སྲིད་གཞུང་། མི་དམངས་བཅས་ཀྱི་ཚབ་བྱས་ཏེ་ལའོ་ཝའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་གཙོ་བྱས་པའི་ལའོ་ཝའོ་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་རིམས་འོག་བྱ་བར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་བཞིན་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ལའོ་ཝའོ་བར་གྱི་རིམས་འགོག་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཅིང་། ཀྲུང་གོ་དང་ལའོ་ཝའོ་ཕྱོགས་གཉིས་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་འབད་བརྩོན་འོག ཐེངས་འདིའི་རིམས་འགོག་འཐབ་རྩོད་ཁྲོད་མཇུག་མཐའི་རྒྱལ་ཁ་ལོན་ཐུབ་པར་ཡིད་ཆེས་ཡོད། བདག་གིས་ཀྲུང་གོ་དང་ལའོ་ཝའོ་ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་བྱེད་ཅིང་། ཁྱོད་དང་མཉམ་དུ་འབད་བརྩོན་བྱས་ནས། ཕྱོགས་གཉིས་ཀྱི་ཐུན་མོང་ལྟ་ཚུལ་དངོས་འབེབ་བྱེད་པར་སྐུལ་མ་གཏོང་བ་དང་། ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་ཐུན་མོང་ཚོགས་པའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་གསུངས། 

དེའི་སྔོན་པིན་དབྱང་གིས་ཀྲུང་གོས་ལའོ་ཝའོ་ཡི་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་འགོག་རྒོལ་ལ་རྒྱབ་སྐྱོར་བྱས་པའི་ཐད་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་བཀའ་དྲིན་ཞུ་བའི་འཕྲིན་ཡིག་བསྐུར། པིན་དབྱང་གིས་བསྟན་དོན། ལའོ་ཝའོ་ཕྱོགས་ཀྱིས་རེ་བ་བཏོན་པ་ལྟར། ཀྲུང་གོའི་ཏང་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་དགོངས་དོན་གཞིར་བཟུང་སྟེ། མྱུར་མོར་ལའོ་ཝའོ་རུ་རིམས་འགོག་ཆེད་མཁས་ཚན་ཆུང་མངག་གཏོང་བྱས་པར་མ་ཟད། རིམས་འགོག་མཁོ་དངོས་དང་གསོ་བཅོས་ཀྱི་སྨན་རྫས་མང་བོ་འདོན་སྤྲོད་བྱས་ཏེ། ལའོ་ཝའོ་ཡིས་རིམས་འགོག་བྱ་བ་སྤེལ་བར་རོགས་རམ་བྱས། ཀྲུང་གོས་ལའོ་ཝའོ་ཡི་རིམས་འགོག་ལ་རོགས་རམ་བྱས་པ་དེ་ལས་ལའོ་ཝའོ་དང་ཀྲུང་གོའི་ཏང་ཁག་གཉིས་དང་རྒྱལ་ཁབ་གཉིས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་རྒྱུན་རིང་བའི་མཛའ་བརྩེ་ཟབ་མོ་དང་སྤུན་ཟླ་ལྟ་བུའི་མཉམ་ལས་རོགས་རེས་འབྲེལ་བ་མངོན་པར་མཚོན་ཡོད་པ་དང་། ལའོ་ཝའོ་དང་ཀྲུང་གོའི་ལས་སྐལ་ཐུན་མོང་ཚོགས་པའི་སྙིང་སྟོབས་གསོན་ཉམས་ལྡན་པར་རྒྱས་འགྲེལ་བྱས་ཏེ། ལའོ་ཝའོ་ཡིས་ཕན་ནུས་ལྡན་པའི་སྒོ་ནས་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་འགོག་བཅོས་བྱེད་པ་དང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཕུང་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད། བདག་གིས་ལའོ་ཝའོ་མི་དམངས་གསར་བརྗེ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ལའོ་ཝའོ་སྲིད་གཞུང་། རིགས་སོ་སོའི་མི་དམངས་བཅས་ཀྱི་ཚབ་བྱས་ཤིང་ང་རང་ཉིད་ཀྱི་མིང་ཐོག་ནས། སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། སྐུ་ཉིད་བརྒྱུད་དེ་དུས་ཡུན་རིང་བོར་ལའོ་ཝའོ་ཏང་དང་སྲིད་གཞུང་། རིགས་སོ་སོའི་མི་དམངས་བཅས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་ལས་དོན་ལ་མཐོང་ཆེན་དང་སེམས་ཁུར། རྒྱབ་སྐྱོར་བཅས་བྱས་མྱོང་བའི་ཀྲུང་གོའི་གུང་ཁྲན་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་དང་ཀྲུང་གོའི་སྲིད་གཞུང་། སྤུན་ཟླ་ལྟ་བུའི་ཀྲུང་གོའི་མི་དམངས་བཅས་ལ་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས་པ་དང་བླ་ན་མེད་པའི་གུས་སེམས་བསྟན་པ་ཡིན། སྤུན་ཟླ་ལྟ་བུའི་ཀྲུང་གོའི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་སྲོག་ཤིང་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་འཕེལ་རིམ་མངོན་འགྱུར་བྱེད་པའི་ཁྲོད་གྲུབ་འབྲས་སྔར་ལས་ཆེན་པོ་ལོན་པའི་སྨོན་འདུན་ཞུས་པ་ཡིན་ལ། ལའོ་ཝའོ་དང་ཀྲུང་གོའི་སྲོལ་རྒྱུན་མཛའ་བརྩེ་དང་དུས་ཡུན་རིང་བོའི་གཏན་འཇགས་ཡིན་པའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་དང་། ལའོ་ཝའོ་དང་ཀྲུང་གོའི་ལས་སྐལ་ཐུན་མོང་ཚོགས་པའི་འཛུགས་སྐྲུན་འཕེལ་རྒྱས་དང་སྲ་བརྟན་དུ་བཏང་ནས་གྲུབ་འབྲས་བཟང་བོ་ཐོབ་པར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་ངེས་པ་དོན་གྱི་ཁེ་ཕན་བསྐྲུན་ཐུབ་པའི་སྨོན་འདུན་ཞུས་པ་ཡིན་ཟེར། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།