ཡུས་ཚུང་ལི་ཡིས་མཚོ་སྔོན་ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་ཁག་གི་བྱ་བར་རྟོག་ཞིབ་བྱས།
2020.06.18 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 46

ཉེ་ལམ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་ཏང་ཨུའི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ལས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཡུས་ཚུང་ལི་ཡིས། ཞིང་ཆེན་དམངས་སྲིད་ཐིན་དང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ནོར་སྲིད་ཐིན་བཅས་སུ་སོང་ནས། ལས་ཁུངས་དེ་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ལས་ཁུངས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ལ་རྟོག་ཞིབ་བྱས།
ཡུས་ཚུང་ལི་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཐད་གཏོགས་ལས་ཁུངས་སྡེ་ཁག་གིས་ངེས་པར་དུ་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ། ཏང་འཛུགས་སྐྲུན་ལས་དོན་དང་ལས་སྒོའི་ལས་དོན་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་དམ་འཛིན་ནན་མོ་བྱེད་དགོས། དུས་རབས་གསར་པའི་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པའི་ཁྲོད་ནས“མིག་དཔེ་བཟང་པོ་གསུམ”བརྩོན་ལེན་བྱས་ཏེ། ཏང་དང་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་པའི་དཔེ་སྟོན་ལས་ཁུངས་འཛུགས་སྐྲུན་གང་ཐུབ་བྱེད་དགོས་ཟེར།

ཡུས་ཚུང་ལི་ཡིས་བསྟན་དོན། ན་ནིང་གི་ཟླ་བདུན་པའི་ཚེས་དགུ་ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་ལས་དོན་ཚོགས་འདུའི་ཐོག་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་པའི་གསུང་བཤད་གལ་ཆེན་གནང་ནས། ལས་ཁུངས་ཀྱི་ཏང་འཛུགས་སྐྲུན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་གཏོང་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཞིང་ཆེན་གྱི་ཐད་གཏོགས་ལས་ཁུངས་ཤིག་ཡིན་ན་ཐོག་མར་ཅིས་ཀྱང་ཆབ་སྲིད་ལས་ཁུངས་ཤིག་ཡིན་དགོས་ཤིང་། དེས་ངེས་པར་དུ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་དགོས། ཏང་རྩ་འཛུགས་ཀྱི་འགོ་ཁྲིད་ནུས་པ་དང་དམག་འཐབ་འཛིང་རགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་ཟེར།

ལོ་ཙྭ་བ།བན་དེ་སྐྱབས།