ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ99འཁོར་བར་རྟེན་འབྲེལ་ཞུ་བ་དང་གཟེངས་བསྟོད་ཚོགས་ཆེན་བསྡུས། 
2020.06.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 34

“བདུན་གཅིག་”ཏང་འཛུགས་དུས་ཆེན་སླེབས་ལ་ཉེ་བའི་སྐབས་ཏེ། ཟླ6པའི་ཚེས24ཉིན། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར99ལོན་པར་རྟེན་འབྲེལ་ཞུ་བ་དང་གཟེངས་བསྟོད་ཚོགས་ཆེན་བསྡུས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་དང་མཱ་ཧའེ་དབྱིན་གཉིས་ཚོགས་འདུར་ཞུགས་པ་དང་། ལས་ཁུངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཚོགས་ཆེན་ལ་ཞུགས།

ཚོགས་འདུའི་སྟེང་སྔོན་ཐོན་ཏང་ཀྲི་པུའུ་དང་། ཕུལ་བྱུང་གུང་ཁྲན་ཏང་ཡོན། ཕུལ་བྱུང་ཏང་གི་བྱ་བ་སྒྲུབ་མཁན།  མང་ཚོགས་ཚོགས་པའི་ཧུར་བརྩོན་ཅན་བཅས་ལ་གཟེངས་བསྟོད་བྱས་པ་དང་། གཟེངས་བསྟོད་ཐོབ་པའི་འཐུས་མིས་བརྗེ་རེས་གཏམ་བཤད་སྤེལ།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་སྲིད་གྲོས་ལས་ཁུངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་ཆབ་སྲིད་འཛུགས་སྐྲུན་དེ་ཨང་དང་པོར་འཇོག་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། དུས་རབས་གསར་པར་ཏང་འཛུགས་བྱ་བའི་བླང་བྱ་གསར་པ་དང་ཧུར་ཐག་གིས་འཚམ་པར་བྱས་ནས། ཁྱད་ཆོས་ལྡན་པའི་ཀྲི་པུའུ་འཛུགས་སྐྲུན་བྱེད་དགོས་པ་དང་།  ཏང་གི་འགོ་ཁྲིད་དེ་སྲིད་གྲོས་བྱ་བའི་ཕྱོགས་སོ་སོར་ཁྱབ་པར་བྱེད་དགོས། ལས་ཁུངས་ཀྱི་ཏང་འཛུགས་བྱ་བ་དེ་“དམིགས་ཚད་མཉེན་པོ་”ནས་“འགྱུར་མེད་ལས་འགན་”དུ་འགྱུར་བར་སྐུལ་འདེད་གཏོང་དགོས། མི་དམངས་སྲིད་གྲོས་ཀྱི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཏང་ཡོན་ལས་བྱེད་པས་སྔོན་ཐོན་བརྩོན་ལེན་བྱེད་པར་སྟེགས་བུ་བསྐྲུན་དགོས། ཆ་རྐྱེན་མཁོ་འདོན་བྱས་ནས་སྔོན་ཐོན་བརྩོན་ལེན་དང་ལེགས་སྐྲུན་ཁྲོད་བྱང་ཚད་མཐོ་རུ་གཏོང་བ་དང་ལག་ལེན་བྱ་འགུལ་ཁྲོད་ཏང་གཤིས་ཇེ་ཟབ་ཏུ་གཏོང་བ། ཀྲི་པུའུ་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་གྱི་བླང་བྱ་ལྟར། བསམ་བློ་འཛུགས་སྐྲུན་དང་ཚན་ཁག་འཛུགས་སྐྲུན་སོགས་ཀྱི་གཙོ་གནད་དམ་འཛིན་ཡག་པོ་བྱས་ཏེ་ཏང་ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཏང་འཛུགས་སྐྲུན་གྱི་བྱ་བ་དེ་ལོ་འཁོར་བྱ་བའི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་དགོས། ཏང་ཀྲི་པུའུ་ཡི་འཐབ་འཛིང་བཙན་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཀྲི་པུའུ་ཡི་བྱེད་ནུས་དང་ནུས་པ་དེ་བྱ་བ་དངོས་ཀྱི་ཁྲོད་བེད་སྤྱོད་གང་ལེགས་དང་མངོན་མཚོན་བྱ་དགོས། “སྲོལ་ངན་བཞི་”རྒྱུན་སྲིང་ལྷོད་མེད་ཀྱིས་ཡོ་བསྲང་བྱས་ཏེ། སྲོལ་གཙང་གཞུང་དྲང་གི་ལས་ཁུངས་ཀྱི་ཆབ་སྲིད་སྐྱེ་ཁམས་བསྐྲུན་དགོས།  

ཚོགས་འདུ་གྲོལ་རྗེས“སྲིད་གྲོས་ཀྱི་ཉམས་འགྱུར་མངོན་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས”ཞེས་པའི“བདུན་གཅིག”བསུ་བའི་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ།

ལོ་ཙཱ་བ། ཤ་བོ་གསེར་མཚོ།