མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱིས་མཉམ་འབྲེལ་ཏང་ཀྲི་པུའུ་ཡི་ཏང་འཛུགས་ནང་དོན་རྒྱ་བསྐྱེད།
2020.06.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 13

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར་གོ་དགུ་ལོན་པར་རྟེན་འབྲེལ་ཞུ་ཆེད། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་ཏང་འཛུགས་འབྲེལ་འདྲིས་ཚན་ཆུང་ལྔ་བས་མི་སྣའི་གསོ་སྦྱོང་ཆེན་པོ་དང་ལང་རྐང་སྦྱོང་བརྡར་ཆེན་པོ། ཁོར་ཡུག་བཅོས་སྐྱོང་ཆེན་པོའི་བྱ་བར་ཟུང་འབྲེལ་བྱས་ནས། ཚན་རིག་གི་དགོངས་དོན་ལག་བསྟར་བྱེད་པ་དང་ཚན་རིག་གི་བྱང་ཚད་མཐོར་འདེགས་གཏོང་བ། གནས་ཚུལ་ལ་ལྟ་ཞིབ་བྱེད་པ་དང་དོན་དངོས་བསྒྲུབ་པ། དཀའ་གནད་ཐག་གཅོད་པ་སོགས་ཀྱི་མུ་འབྲེལ་ཏང་འཛུགས་བྱ་འགུལ་སྤེལ་བ་དང་། ཏང་འཛུགས་ཀྱིས་བྱ་བར་སྣེ་ཁྲིད་བྱེད་པའི་ནུས་པ་ཇེ་དྲག་ཏུ་གཏོང་བ། ཏང་ཡོན་ལས་བྱེད་པས་མི་དམངས་བསམ་པའི་བསམ་བློ་ཇེ་དྲག་ཏུ་བཏང་སྟེ། གཞི་རིམ་མང་ཚོགས་ལ་ཞབས་འདེགས་ཞུས། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཏང་ཡོན་དཀྱུས་མའི་ཆ་ནས་བྱ་འགུལ་ལ་ཞུགས།

རྒྱ་ཆེའི་ཏང་ཡོན་གྱི་ཚན་རིག་བྱང་ཚད་མཐོར་འདེགས་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ཚན་རྩལ་ཁང་དུ་སྤེལ་བའི་མཉམ་འབྲེལ་ཏང་ཀྲི་པུའུ་ལྔ་ཡི་བརྗོད་དོན་ཏང་ཉིན་མོའི་བྱ་འགུལ་ཁྲོད། ཐུན་མོང་གིས་ཡང་བསྐྱར་ཏང་ནང་དུ་ཞུགས་པའི་དམ་བཅའ་འཇོག་པར་རྩ་འཛུགས་བྱས་ནས། ཏང་ཡོན་གྱི་ཐོག་མའི་བསམ་འདུན་ཇེ་བརྟན་དུ་བཏང་བ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་བཏང་། ཀྲི་པུའུ་སོ་སོའི་ཏང་ཡོན་གྱིས་སེམས་རྣལ་ལ་ཕབ་ནས་མདེལ་གཉིས་སྐར་གཅིག་གི་ཚན་རིག་པ་ཚོས་རྒྱལ་ཁབ་ལ་དྲིན་ལན་འཇལ་བའི་སྙིང་སྟོབས་ལ་རྒྱུས་ལོན་བྱས་པ་དང་། ཚན་རིག་ལག་རྩལ་གྱི་འགུག་ཤུགས་་རོལ་མྱོང་བྱས་ལ། ཚན་རྩལ་ཁྱབ་གདལ་ཤེས་བྱའི་འགྲན་བསྡུར་བརྒྱུད་དེ། ཚན་རིག་ཤེས་བྱ་སློབ་སྦྱོང་དང་ཞིབ་དཔྱད་བྱས་པ་དང་། ཚན་རིག་གི་བྱང་ཚད་མཐོར་འདེགས་བཏང་།

བྱ་འགུལ་སྐབས་སུ། ཀྲང་ལིས་ཀྱིས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིན་གྱི་དྲུང་ཡིག་ཁྲུའུ་ལྔ་བ་དང་ཞིང་ཆེན་སྲིད་གཞུང་ལྟ་ཞིབ་ཁང་གི་ཀྲི་པུའུ་ཡི་ཏང་ཡོན་དང་མཉམ་དུ། ཁྲི་ཀ་རྫོང་དཀར་བརྗིད་སྡེ་བ་སོགས་ལ་སོང་ནས། དབུལ་ཐར་མཁྲེགས་གཏོར་དང་འཐུང་ཆུའི་བདེ་འཇགས། གསང་སྤྱོད་གསར་བརྗེ། ཁོར་ཡུག་བཅོས་སྐྱོང་། འཕྲལ་བསྟུན་རྒྱང་སྒྲོག དམངས་ཡོངས་ཀྱི་ཚན་རིག་བྱང་ཚད་རྩ་གནད་ལག་བསྟར་བྱེད་པ་བཅས་ཀྱི་བྱ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་མ་ཟད། ཀྲི་པུའུ་ཡི་ཏང་ཡོན་དང་བསམ་བློ་བརྗེ་རེས་སྤེལ་བ་དང་། ཏང་ཡོན་ལས་བྱེད་པས་གནས་ཚུལ་དངོས་ལ་ལྟ་ཞིབ་བྱེད་པ་དང་དཀའ་གནད་ཐག་གཅོད་པ། དོན་དངོས་བསྒྲུབ་པའི་ཐད་ནས་མྱོང་ཚོར་བརྗེ་རེས་བྱས་པ་དང་ཉམས་མྱོང་བརྒྱུད་སྒྲོག་བྱས་ལ། ཀྲི་པུའུ་ཡིས་ཞིང་ཆེན་སྤྱིའི་བཟོ་ཚོགས་དང་ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་གཉིས་ལ་མཐུན་སྦྱོར་བྱས་ནས་གཞི་རིམ་གྱི་བརྒྱུད་གཏོང་སྟེགས་བུ་རུ་ཚད་ལྡན་གྱི་ལས་བཟོ་བའི་དཔེ་ཁང་འཛུགས་སྐྲུན་བྱས་པར་རྒྱབ་སྐྱོར་བྱས། དེར་བརྟེན་ནས་ཀྲི་པུའུ་ཏང་ཡོན་དང་ཞབས་ཞུ་བྱེད་ཡུལ་བར་གྱི་འབྲེལ་བ་ཇེ་དམ་དུ་བཏང་བ་དང་། དོན་དངོས་བསྒྲུབ་པ་དང་དཀའ་གནད་ཐག་གཅོད་པའི་ནུས་པ་ཇེ་དྲག་ཏུ་བཏང་ལ། ཏང་འཛུགས་དང་ལས་སྒོའི་བྱ་བར་སྐུལ་འདེད་བཏང་།

ལོ་ཙཱ་བ། རིན་ཆེན་མཚོ།