དབྱང་ཀྲི་ཝུན་གྱིས་ཡུས་ཧྲུའུ་ཁུལ་གྱི་བྱ་བར་རྟོག་ཞིབ་བྱས།
2020.07.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

ཟླ་བདུན་པའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར་དུ། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྱིས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་ཞུགས་བྱ་བར་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་སྔར་ལས་མཐོ་རུ་བཏང་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་དགོས། ཐབས་བརྒྱ་ཇུས་སྟོང་གིས་ལས་ཞུགས་བརྟན་པོ་དང་རྒྱ་ཆེར་བཏང་ནས་ཞིང་པ་ཞོར་ལས་པར་གླ་ཆ་སྤྲོད་པའི་འགན་ལེན་བྱ་བ་ཁྲིམས་ལྟར་ཡག་པོ་སྒྲུབ་དགོས་ཟེར།

དབྱང་ཀྲི་ཝུན་གྱིས་བསྟན་དོན། ལས་ཞུགས་ནི་དམངས་ཚིས་ཀྱི་རྩ་བ་ཡིན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཁག་སོ་སོས་དབུལ་ཐར་མཁྲེགས་གཏོར་གྱི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཏེ་འགྲུབ་པར་བྱེད་པའི་ལས་འགན་ལ་དམིགས་ཏེ། ལས་ཞུགས་དེ་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་དགོས། མཐོ་རིམ་སློབ་གྲྭའི་སློབ་ཐོན་སློབ་མ་དང་ཞིང་པ་ཞོར་ལས་བ། འཚོ་བར་དཀའ་ངལ་ཡོད་པའི་མི་སྣ་སོགས་ཀྱི་ཚོགས་སྤྱིར་དམིགས་བཙུགས་ནས། ལས་ཞུགས་བརྟན་པོ་དང་རྒྱ་སྐྱེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་ཕྱོགས་ཡོངས་ནས་དོན་འཁྱོལ་དང་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། རྩལ་ནུས་གསོ་སྦྱོང་ལ་ཤུགས་བསྣན་ནས། སྤུས་ཚད་དེ་བས་མཐོ་བ་དང་ལས་ཞུགས་དེ་བས་ལེགས་པ་ཡོང་རྒྱུར་སྐུལ་འདེད་བཏང་སྟེ། “བརྟན་འཇགས་དྲུག”གི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། “འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱེད་དགོས། དུས་མཚུངས་སུ་ཞིང་པ་ཞོར་ལས་པར་གླ་ཕོགས་སྤྲོད་པར་འགན་སྲུང་བྱ་རྒྱུ་དེ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་འཇུག་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《ཞིང་པ་ཞོར་ལས་པར་གླ་ཕོགས་སྤྲོད་པར་འགན་སྲུང་བྱེད་པའི་སྲོལ་ཡིག》ཅེས་པར་ཁྱོན་ཡོངས་ནས་དཔེ་ལྟ་བྱས་ཏེ། ཁྲིམས་ལྟར་གླ་ཕོགས་སྤྲོད་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས་པར་མ་ཟད། ཞིང་པ་ཞོར་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱེད་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།