ལིའུ་ཐུང་ཏི་ཡིས་རྨ་ལྷོ་ཁུལ་གྱི་ཁྲིམས་འཛིན་བྱ་བར་ཞིབ་བཤེར་བྱས།
2020.07.05 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 38

གནས་བབ་གསར་པའི་འོག་གི་ཕྱིར་སྡོད་རང་མིའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱས་ནས། ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་ཆེད། ཟླ་བདུན་པའི་ཚེས་གཉིས་ཉིན་ནས་ཚེས་གསུམ་ཉིན་བར། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིའུ་ཐུང་ཏི་ཡིས་སྣེ་ཁྲིད་དེ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁེ་དབང་སྲུང་སྐྱོབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་ཁྲིམས་འཛིན་ཞིབ་བཤེར་བྱས།

ལིའུ་ཐུང་ཏི་ཡིས་བསྟན་དོན། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱིར་སྡོད་རང་མིའི་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པར་ཁྲིམས་ལྟར་ཤུགས་བསྣན་ནས། ཁོ་ཚོར་ཞབས་ཞུའི་འགན་སྲུང་མཁོ་འདོན་བྱས་ཏེ་ཕྱིར་སྡོད་རང་མིའི་སེམས་ལ་དྲོད་སྐྱིད་སྦྱིན་པ་དང་ཕྱིར་སྡོད་རང་མིའི་ནུས་ཤུགས་འདོན་སྤེལ་ངོ་མ་བྱེད་དགོས། འགན་འཁྲི་འཁུར་སེམས་ཆེ་རུ་བཏང་ནས་རང་རེའི་ཞིང་ཆེན་གྱི་ཕྱིར་སྡོད་རང་མིའི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས། ལས་ཀའི་རྣམ་པ་གསར་གཏོད་བྱས་པ་བརྒྱུད་མངའ་ཁོངས་ཕྱིའི་ཕྱིར་སྡོད་སྤུན་ཟླར་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲིལ་བསྒྲགས་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཆོས་ལུགས་དང་ཕྱིར་སྡོད་རང་མིའི་ལས་དོན་སྐོར་གྱི་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་རྒྱུན་ཆད་མེད་པར་བརྟན་པོ་འཛུགས་དགོས། ཕྱིར་སྡོད་རང་མིའི་ལས་དོན་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། རྒྱ་ཆེའི་ཕྱིར་སྡོད་སྤུན་ཟླའི་ཤུགས་རྐྱེན་རྒྱ་ཁྱབ་ཏུ་འདོན་སྤེལ་བྱེད་པར་དོ་སྣང་བྱས་ཏེ། ཕྱིར་སྡོད་རང་མིའི་བརྩེ་སེམས་བཟོ་སྐྲུན་ཧུར་ཐག་གིས་ལག་ལེན་དུ་བསྟར་ནས་ཕྱིར་སྡོད་རང་མིའི་ལས་དོན་གྱི་བློ་གྲོས་ནང་འདྲེན་བྱས་ཏེ་ཕ་ཡུལ་འཛུགས་སྐྲུན་ལ་ལེགས་སྐྱེས་གང་ལེགས་འབུལ་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།