ཝང་དབྱི་ཡིས་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་ལ་ཁ་པར་བཏང་།
2020.07.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 25

རྒྱལ་སྲིད་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གི་འགན་གཅིག་ལྕོགས་སུ་ཁུར་མཁན་ཝང་དབྱི་ཡིས་ཚེས་བཞི་ཉིན་སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཧྥེ་སཱ་ཨར་ལ་ཁ་པར་བཏང་། 

ཝང་དབྱི་ཡིས་བསྟན་དོན། ད་ལོ་ནི་ཀྲུང་གོ་དང་སོ་ཏི་ཨ་རབ་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བའི་ལོ་ཡིན་ཞིང་། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ཁྱད་པར་དུ་ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ཡོད་པ་དང་། མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་བཙུགས་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་སོང་ཡོད། སོ་ཏི་ཨ་རབ་ནི་གསར་དར་ཚོང་རའི་དཔལ་འབྱོར་ཚོགས་པ་གལ་ཆེན་དང་འཛམ་གླིང་ཡོངས་ལ་ཤུགས་རྐྱེན་ལྡན་པའི་ཨ་རབ་རྒྱལ་ཁབ་ཅིག་ཡིན་ལ། ཀྲུང་གོའི་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་སོ་ཏི་ཨ་རབ་བར་གྱི་འབྲེལ་བ་དེ་ཕྱི་འབྲེལ་ཆེ་ཕྱོགས་ཀྱི་གོ་གནས་གལ་ཆེན་དུ་བཞག་ཡོད། ང་ཚོས་སོ་ཏི་ཨ་རབ་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་གལ་ཆེན་དངོས་འབེབ་བྱས་ཏེ། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེན་པོ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

ཝང་དབྱི་ཡིས་བསྟན་དོན། པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་བྱུང་བའི་རྗེས་སུ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེངས་གཉིས་ལ་རྒྱལ་བོ་སཱ་ལེ་མན་ལ་ཁ་པར་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ་སྤུན་ཟླ་ལྟ་བུའི་བརྩེ་མདངས་མངོན་པར་བྱས་ཡོད་ཟེར། 

ཝང་དབྱི་ཡིས་བསྟན་དོན། ཀྲུང་གོ་དང་སོ་ཏི་ཨ་རབ་ཀྱིས་རང་རང་གི་ཁེ་ཕན་གཙོ་བོའི་གནད་དོན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཅིང་། རྒྱལ་སྤྱིའི་གར་སྟེགས་སུ་འདྲ་མཉམ་དང་དྲང་བདེན་ལ་སྲུང་སྐྱོབ་བྱས་ཏེ། རྒྱལ་ཁབ་གཉིས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་གང་ལེགས་བྱེད་བཞིན་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོའི་ཞང་ཀང་དང་ཞིན་ཅང་གི་གནད་དོན་ཐད་ཀྱི་ལུགས་མཐུན་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱས་པ་དང་། ང་ཚོས་དོན་དེར་གཟེངས་བསྟོད་ཆེན་པོ་བྱེད་བཞིན་ཡོད་ཟེར། 

ཧྥེ་སཱ་ཨར་གྱིས་བསྟན་དོན། སོ་ཏི་ཨ་རབ་ཀྱིས་ཀྲུང་གོའི་བར་གྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་བར་འབྲེལ་བ་བཙུགས་ནས་ལོ་ངོ་སུམ་ཅུ་འགོར་བ་གོ་སྐབས་སུ་བྱས་ཤིང་། ཁྱབ་ཁོངས་སོ་སོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དེ་མིན་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་བར་གྱི་འབྲེལ་བ་དེ་འཕེལ་རྒྱས་ཀྱི་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོས་རིམས་འགོག་ཐད་ནས་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འཕྲོད་བསྟེན་སྡེ་ཁག་གིས་འགོག་སྨན་གྱི་ཞིབ་འཇུག་གསར་སྤེལ་ཐད་ནས་འབྲེལ་འདྲིས་སྲུང་འཛིན་བྱེད་བཞིན་ཡོད་ལ། དེ་སྔ་མོ་ནས་རིམས་ནད་ལས་རྣམ་པར་རྒྱལ་བར་ཕན་ཐོགས་ཡོད་པར་ཡིད་ཆེས་ཡོད་ཟེར། 

ཕྱོགས་གཉིས་ཀྱིས་ད་རུང་དབུས་ཤར་ས་ཁུལ་གྱི་གནས་བབ་ཐད་ནས་བསམ་འཆར་བརྗེ་རེས་བྱས། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།