ཞིན་ཁྲང་ཞིན་གྱིས་འགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་བསྡུས།
2020.08.02 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 24

ཟླ་བརྒྱད་པའི་ཚེས་གཅིག་ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡིས་རྒྱས་འཛོམས་གྲོས་ཚོགས་བསྡུས་ཏེ། ཚོགས་ཐོག་ནས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་དེ་བཞིན་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། དོན་འཁྱོལ་མཐར་ཕྱིན་བྱ་རྒྱུའི་ལས་དོན་ཁག་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་གྱི་ཧྲིན་ཀྲང་ཚབ་མ་ཞིན་ཁྲང་ཞིན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ཏེ་གཏམ་བཤད།

ཚོགས་ཐོག་ནས་ཟླ་བདུན་པའི་ཚེས་སུམ་ཅུ་ཉིན་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། ད་ཐེངས་ཀྱི་ཚོགས་འདུ་ནི་ལོ་བརྒྱའི་ནང་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོའི་ཐོག་ལོ་བརྒྱ་ལ་ཐེངས་གཅིག་འཕྲད་པའི་རིམས་ནད་ཆེན་པོའི་རྒྱབ་ལྗོངས་འོག་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་བྱས་ནས། མཐའ་གསལ་མཐིལ་རྟོགས་དང་སློབ་སྦྱོང་ནན་ཏན་བྱས་ནས་ལག་བསྟར་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས། འགྱུར་ལྡོག་དང་འགྱུར་བ་མེད་པའི་འབྲེལ་བ་སྟངས་འཛིན་ཡག་པོ་བྱས་ནས་གོ་སྐབས་ཀྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས་རྒྱུན་ཆད་མེད་པར་ཇེ་ཟབ་ཏུ་གཏོང་དགོས། མིག་སྔར་དང་ཕུགས་ཀྱི་འབྲེལ་བར་སྟངས་འཛིན་ཡག་པོ་བྱེད་པ་དང་། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་སྒྲིག་བཟོ་དང་རྒྱང་རིང་གི་དམིགས་འབེན་འཆར་འགོད་དམ་འཛིན་ཡག་པོ་བྱེད་དགོས། ཕྱི་ནང་གི་འབྲེལ་བ་ཁོང་དུ་ཆུད་པ་བྱས་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་ཧུར་ཐག་ཞུགས་དགོས།

ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅི་ལིན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནི་འབྲེལ་ཡོད་ས་ཁུལ་ལ་བཏོན་པའི་བླང་བྱ་ཡིན་པ་མ་ཟད། རྒྱལ་ཡོངས་ལ་བཏོན་པའི་བླང་བྱ་ཞིག་ཡིན་ལ་ང་ཚོས་མིག་སྔའི་ལས་དོན་ཁག་ཡག་པོ་སྒྲུབ་པའི་བྱ་སྤྱོད་ཀྱི་ཕྱོགས་སྟོན་ཞིག་ཀྱང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་བཟང་པོ་ལེན་པ་དང་ཟུང་འབྲེལ་བྱས་ཏེ། ཞིང་ཆེན་གྱི་གནས་ཚུལ་ཟུང་འབྲེལ་བྱེད་གནས་དང་ལས་ཀའི་འཇུག་ས། དོན་འཁྱོལ་ཤུགས་རྒྱག་ས་བཅས་འཕྱུགས་མེད་འཚོལ་བ་དང་། གཙོ་གནད་ལས་འགན་ཁག་ཞིབ་ཕྲ་དང་ཁ་གསལ་བཟོ་བ། སེམས་ཤུགས་གཅིག་སྡུད་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ལས་དོན་ཁག་ལ་ཕན་འབྲས་གསར་པ་ཐོབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ནི་རང་རེའི་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་དང་ བརྒྱ་ལོ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་འགག་རྩའི་ལྷུ་ཚིགས་སུ་འཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་རེད། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། ས་གནས་བཅོས་སྐྱོང་ལམ་ལུགས་གསར་གཏོད་དང་བཅོས་སྐྱོང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། དམིགས་ཚད་ལས་འགན་ལ་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་དང་འགག་རྩའི་ལྷུ་ཚིགས་ལ་དམ་འཛིན་ནན་མོ་བྱེད་པ། དོན་འཁྱོལ་ལ་གནད་སྨིན་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་གྲུབ་འབྲས་ཡག་ཤོས་བརྩོན་ལེན་ཧུར་ཐག་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་ལ་ཕབ་པའི་དམིགས་འབེན་དང་ལས་འགན་དང་བསྡུར་ནས་ལས་དོན་ཁག་གི་འཕེལ་ཚུལ་ལ་ཡང་བསྐྱར་ལེགས་སྒྲིག་བྱེད་དགོས། གནད་དོན་གྱི་འགག་རྩ་འཕྱུགས་མེད་ངང་ཐག་གཅོད་ནུས་ལྡན་བྱེད་དགོས། ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་བརྒྱབ་ནས་མ་ལག་བཅོས་སྐྱོང་དང་ཁྲིམས་ལྟར་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ལ་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་སྲིད་གཞུང་རང་ངོས་འཛུགས་སྐྱོང་ལ་སྔར་ལས་ཤུགས་སྣོན་རྒྱག་རྒྱུའི་ཐད་བླང་བྱ་བཏོན། རྒྱལ་ཁ་ཕུ་ཐག་ཆོད་པའི་ལོ་དུས་སུ་སྟོབས་ཤུགས་ཡོད་རྒུ་བཏོན་ནས་དམག་འཐབ་བྱེད་པ་དང་རྒྱལ་ཁ་ཕུ་ཐག་ཆོད་པའི་སྙིང་སྟོབས་ཡོད་དགོས་པ་དང་། འགག་སྒྲོལ་ལོ་དུས་སུ་བློ་རྩ་བརྟན་པོ་དང་འགག་སྒྲོལ་དཀའ་སེལ་གྱི་སེམས་ཤུགས་བརྟན་པོ་ཡོད་དགོས། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་དང་དོད་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་དེར་ཤུགས་སྣོན་རྒྱག་དགོས། ཐོག་མཐའ་བར་གསུམ་དུ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བསམ་བློ་གཅིག་མཐུན་དང་། ལས་ཀའི་ཁ་ཕྱོགས་གཅིག་མཐུན། བྱ་སྤྱོད་མཉམ་སྤེལ་བཅས་རྒྱུན་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་དགོས། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ་དང་རྒྱུན་མཐུད་འབད་འཐབ་བྱས་ཏེ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་བབ་བསྟུན་འཕྲལ་སྒྲུབ་ཀྱིས་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་གཏོད་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཟེར།

ཚོགས་འདུའི་ཐོག་ད་དུང་ལས་དོན་གཞན་དག་ལའང་ཞིབ་འཇུག་བྱས་པ་རེད།

ལོ་ཙཱ་བ། བན་དེ་སྐྱབས།