རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་ལས་དོན་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པས་ཨ་མེ་རི་ཁས་ཀྲུང་གོའི་སྲིད་གཞུང་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་དཔོན་རིགས་ལ་བཀག་སྡོམ་བྱས་པ་ནི་བཙན་དབང་རིང་ལུགས་ཀྱི་གཤིས་ངན་གསལ་རྗེན་དུ་མངོན་པ་ཡིན་པའི་ཚུལ་བསྟན། 
2020.08.10 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 60

རྒྱལ་སྲིད་སྤྱི་ཁྱབ་ཁང་ཞང་ཀང་དང་ཨོ་མིན་ལས་དོན་གཞུང་སྒྲུབ་ཁང་གི་མགྲིན་ཚབ་པས་ཚེས་དགུ་ཉིན་གཏམ་གླེང་སྤེལ་ཏེ། ཨ་མེ་རི་ཁའི་དབང་འཛིན་ལས་ཁུངས་ཀྱིས་ཉེ་སྔོན་ཀྲུང་གོའི་སྲིད་གཞུང་གིས་ཞང་ཀང་དང་འབྲེལ་བའི་སྡེ་ཁག་གི་འགན་ཁུར་བ་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གི་འབྲེལ་ཡོད་དཔོན་རིགས་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་བྱེད་རྒྱུ་ཁྱབ་སྒྲོག་བྱས་པ་དེ་ལས་ཨ་མེ་རི་ཁའི་ཆབ་སྲིད་འགོ་ཁྲིད་པ་རེ་འགའི་བཙན་དབང་རིང་ལུགས་ཀྱི་གཤིས་ངན་གསལ་རྗེན་དུ་མངོན་ཡོད་པ་དང་། ཞང་ཀང་གནད་དོན་ཐད་ཀྱི་ཆབ་སྲིད་ཇུས་ངན་ལ་ཕམ་ཉེས་བྱུང་རྗེས་ཀྱི་སྨྱོ་སྤྱོད་ཅིག་རེད། ད་ལོའི་ཟླ་དྲུག་པར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞང་ཀང་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་གཏན་འབེབས་བྱས་རྗེས། ཨ་མེ་རི་ཁའི་ཆབ་སྲིད་འགོ་ཁྲིད་པ་རེ་འགར་ཁོང་ཁྲོ་ཆེན་པོ་ལངས་ནས། ཨ་མེ་རི་ཁའི་ཞང་ཀང་གི་དམིགས་བསལ་བྱེད་ཐབས་རྩིས་མེད་དུ་བཏང་བ་དང་། རྒྱལ་སྤྱིའི་སྟེང་ནས་རྒྱལ་ཁབ་རེ་འགར་ངན་འབྲེལ་བྱས་ནས་ཀྲུང་གོ་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་ལ་གནོན་ཤུགས་བྱིན་པར་མ་ཟད། ཀྲུང་གོའི་སྲིད་གཞུང་གི་ཞང་ཀང་དང་འབྲེལ་བའི་ལས་ཁུངས་ཀྱི་འགན་ཁུར་བ་དང་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་གཞུང་གི་འབྲེལ་ཡོད་དཔོན་རིགས་ལ་བཀག་སྡོམ་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཐ་ཤལ་གྱི་བྱ་སྤྱོད་དེ་དག་ནི་ཨ་མེ་རི་ཁའི་རྫུན་མཁས་ཀྱི་འཁྲབ་སྟོན་ཙམ་ཡིན་ལ། འཛམ་གླིང་ཡོངས་ལ་བཙན་དབང་རིང་ལུགས་ཀྱི་སྐྱུག་བྲོ་བའི་ངོ་གདོང་གསལ་བོར་མཐོང་དུ་བཅུག་ཡོད། རང་དབང་དང་དམངས་གཙོ་སོགས་ཟོལ་མའི་གོས་འོག་ཏུ་སྦས་པའི་ངན་སེམས་ངོ་མ་གསལ་བོར་མཐོང་ཡོད་ཟེར། མགྲིན་ཚབ་པ་དེས་བསྟན་དོན། ང་ཚོས་སྲིད་འཛིན་དཔོན་པོ་ལིན་ཀྲིན་ཡའོ་ཨིག་སོགས་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་དཔོན་རིགས་མང་བོས་ཨ་མེ་རི་ཁའི་བཀག་སྡོམ་ཐད་ནས་ལང་ལོང་སྒོས་བསྟན་དོན། རྒྱལ་ཁབ་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་ནི་གཟི་བརྗིད་དང་བླ་མེད་ཀྱི་འགན་འཁྲི་ཞིག་ཡིན་པ་དང་། ཁོ་ཚོར་འཇིགས་དངངས་སྤུ་ཙམ་ཡང་མེད་པར་མུ་མཐུད་དུ་རྒྱལ་ཁབ་དང་ཞང་ཀང་ལ་ཞབས་འདེགས་ཞུ་བར་བརྩོན་རྒྱུ་ཡིན་ཟེར། ང་ཚོས་དྲང་བདེན་གྱི་གཏམ་བཤད་དེ་ལྟ་བུར་བསྟོད་བསྔགས་བྱེད་འོས་ཟེར། 




ལོ་ཙཱ་བ། བསོད་ནམས་ཚེ་རིང་།