ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གིས་ཡུལ་དངོས་ནས་མུ་རི་གཏེར་ཁུལ་གྱི་ཁྲིམས་འགལ་སྔོག་འདོན་གྱི་ཆེད་དོན་བརྟག་དཔྱད་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས། 
2020.08.11 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 42

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ཞིན་ཁྲང་ཞིང་གཉིས་ཟླ་བརྒྱད་པའི་ཚེས་བཅུ་ཉིན་མུ་རི་གཏེར་ཁུལ་དུ་སོང་སྟེ། ཡུལ་དངོས་ནས་ཁྲིམས་འགལ་སྔོག་འདོན་གྱི་ཆེད་དོན་བརྟག་དཔྱད་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ་དང་། རྟོག་ཞིབ་ཚན་ཆུང་དང་ཆེད་མཁས་པ། མཚོ་ནུབ་ཁུལ་བཅས་ཀྱི་བྱ་བའི་སྙན་ཞུར་ཉན་པར་མ་ཟད་ཡུལ་དངོས་ཚོགས་འདུ་བསྡུས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་མཐའ་གཅིག་ཏུ་བརྩི་སྲུང་བྱེད་པ་དང་། རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ལས་ལྷག་པའི་འདུ་ཤེས་བརྟན་པོ་མཐའ་གཅིག་ཏུ་ཆགས་པར་བྱེད་པ། ཏན་ཏན་ཏིག་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་རེ་བ་གལ་ཆེན་མཐའ་གཅིག་ཏུ་ལག་ལེན་བྱེད་པ། ཏང་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་བཀོད་སྒྲིག་མཐའ་གཅིག་ཏུ་དངོས་འབེབས་བྱེད་པ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ལ་ལེན་པ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལྕགས་རི་མཐའ་གཅིག་ཏུ་ཇེ་བརྟན་ལ་གཏོང་བ་བཅས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ཁྲིམས་འགལ་ལུགས་འགལ་གྱི་བྱ་སྤྱོད་གང་རུང་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ལ་ཚད་ལྡན་གྱི་རྒྱུགས་གཞི་ཞིག་སྤྲོད་དགོས་པ་ནན་གྱིས་བསྟན། 

གྲོས་ཚོགས་ནས་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དེ་ཕྱོགས་ལྔ་གཞི་གཅིག་ཅན་གྱི་སྤྱིའི་བཀོད་སྒྲིག་ཁྲོད་བཞག་ནས། ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དམ་འཛིན་བྱེད་པའི་ཆབ་སྲིད་འགན་འཁྲིའི་འདུ་ཤེས་དང་ལོ་རྒྱུས་འགན་འཁྲིའི་འདུ་ཤེས་ཇེ་དྲག་ཏུ་བཏང་བ་དང་། ཆེས་ཆེན་པོ་གསུམ་གྱི་ཞིང་ཆེན་གནས་ཚུལ་གྱི་གཏན་གནས་ལ་རྐང་བཙུགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་དང་། བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་ཚད་མཐོན་པོས་གཅིག་གྱུར་བྱེད་དགོས་ཟེར། 

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། ཆོད་སེམས་བརྟན་པོས་རྙོག་དྲའི་སྣང་ཚུལ་ལེགས་བཅོས་བྱེད་པ་དང་། བསླབ་བྱ་བསྡུ་ལེན་དང་རྣམ་རིག་གསལ་བོ་བྱས་ཏེ། བཟོད་སྒོམ་གཏན་ནས་མི་བྱེད་པའི་རྣམ་འགྱུར་གྱིས་སྐྱེ་ཁམས་ལ་གཏོར་བརླག་གཏོང་བའི་བྱ་སྤྱོད་ལ་འཐབ་རྩོད་བྱས་ནས་སྐྱེ་ཁམས་དེ་ནི་བརྒལ་མི་རུང་བའི་མ་མཐའི་ཚད་ཐིག་ཅིག་ཏུ་འགྱུར་བར་བྱེད་དགོས། ཚན་རིག་དང་མཐུན་པའི་རྣམ་འགྱུར་གྱིས་ནུས་ལྡན་རྐྱེན་སྲོལ་བཙུགས་ནས་སྐྱེ་ཁམས་རིན་ཐང་གཙོར་འཛིན་དང་སྤྱིའི་ཁེ་ཕན་ཇེ་ཆེར་གཏོང་བ། མ་འོངས་པའི་འཕེལ་རྒྱས་བླ་རུ་བཀུར་བ་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་ཀྱི་གདུང་བཞི་ཀ་བརྒྱད་འཐུས་ཚང་དུ་བཙུགས་ཏེ། མཚོ་སྔོན་གྱི་ནམ་མཁའ་གཡའ་དྭགས་ཤིང་། ཆུ་དང་མཚེའུ་དྭངས་པ། རི་ལུང་ལྗང་མདོག་ལྡན་པར་སྲུང་སྐྱོབ་གང་ལེགས་བྱེད་དགོས། རང་བྱུང་སྐྱེ་ཁམས་དང་ཆབ་སྲིད་སྐྱེ་ཁམས་མཉམ་དུ་འཛིན་པ་དང་། སྤོབས་པ་དང་གདེང་ཚོད་ཡོད་པའི་སྒོ་ནས་སྤྱོད་གཙང་དྲང་བདེན་གྱི་ཆབ་སྲིད་སྐྱེ་ཁམས་ཀྱིས་མཛེས་སྡུག་ཡིད་འོང་གི་རང་བྱུང་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་དགོས། དོ་དམ་དང་འགོག་སྲུང་ནན་མོ་བྱེད་པ་དང་། བྱ་དགའ་སྟེར་བ་དང་ཆད་གཅོད་ཀྱི་དབྱེ་བ་གསལ་བོ་བྱས་ནས། ཏང་སྲིད་ཀྱི་འགན་འཁྲི་གཅིག་པ་དང་ལས་གནས་གཅིག་ལ་འགན་ཁུར་མཁན་གཉིས་ཡོད་པར་བྱེད་པ་དང་། སྔོན་ཐོན་དཔེ་སྟོན་ཅན་དམིགས་ཚད་དུ་འཛིན་པ་དང་ལྡོག་ཕྱོགས་ཀྱི་དཔེ་སྲོལ་ངན་པ་བསླབ་བྱར་བརྩིས་ཏེ། ཁོར་ཡུག་སྲུང་སྐྱོབ་མཁན་ལ་ཕན་ཐོགས་པར་བྱེད་པ་དང་སྐྱེ་ཁམས་གནོད་སྐྱེལ་མཁན་ལ་ཆད་པ་གཅོད་དགོས་ཟེར། 

གྲོས་ཚོགས་ནས་དོན་འབྲེལ་ཁེ་ལས་ཀྱིས་ཁྲིམས་འགལ་སྔོག་འདོན་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་གནད་དོན་ལ་རྩད་ཞིབ་ནན་མོ་བྱེད་དགོས་པ་དང་། ལྟ་རྟོག་དོ་དམ་སྡེ་ཁག་དང་ལྟ་རྟོག་དོ་དམ་མི་སྣའི་འགན་ཉམས་ལས་འཛོལ་གནད་དོན་ལའང་རྟོག་ཞིབ་བྱེད་དགོས་པ་དང་། སྤྱིའི་ཆ་ནས་འཆར་འགོད་བྱེད་པ་དང་གནད་སར་ལེགས་བཅོས་ཇུས་གཞི་གཏན་འབེབས་བྱས་ཏེ་ཡོངས་ཁྱབ་ཏུ་སྲུང་སྐྱོབ་ཐུབ་པར་བཅོས་སྐྱོང་བྱེད་དགོས་ལ། རི་ཆུ་ནགས་ཞིང་མཚོ་དང་རྩྭ་ཐང་བཅས་ལས་སྐལ་གཅིག་མཐུན་ཚོགས་པར་བརྩིས་ནས། མ་ལག་ལྡན་པའི་སྒོ་ནས་སླར་གསོ་བྱས་ནས་སྤྱིའི་སྲུང་སྐྱོབ་ལ་སྐུལ་འདེད་བཏང་སྟེ། རི་སྔོ་ཆུ་དྭངས་ཀྱི་མཛེས་པ་ཡང་བསྐྱར་མངོན་པར་བྱེད་པ་དང་མཛེས་སྡུག་གི་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས་པའི་རེ་བ་བཏོན། 

གྲོས་ཚོགས་ནས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཚན་གཙོའི་འགན་ཁུར་བའི་དག་ཐེར་བཅོས་སྐྱོང་བྱ་བའི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། རྩ་འཛུགས་འགོ་ཁྲིད་དང་གཅིག་གྱུར་མཐུན་སྦྱོར། ཚན་རིག་ལྟར་བཅོས་སྐྱོང་། སྤྱི་ཕྱོགས་ནས་སྐུལ་འདེད་གཏོང་བའི་འགན་འཁྲི་ལག་བསྟར་བྱས་ནས། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་བཟང་དུ་འགྲོ་བ་ལས་ཇེ་སྡུག་ཏུ་གཏོང་མི་རུང་བའི་མ་མཐའི་ཚད་ཐིག་བརྩི་སྲུང་བྱེད་རྒྱུ་ཐག་བཅད། 

ཞིང་ཆེན་གྱི་འགོ་ཁྲིད་པ་ཐིན་ཅཱ་ཚའེ་དང་ལིས་ཅེ་ཞང་། ཡུས་ཚུང་ལི། ལིག་ཐའོ། ཝུན་གོ་ཏུང་བཅས་བྱ་འགུལ་དེར་ཞུགས། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།