རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བརྡས་ཐག་བཅད་དེ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱིས་མུ་མཐུད་ལས་འགན་ལག་བསྟར་བྱེད་པའི་འབྲེལ་ཡོད་གྲོས་ཆོད་ལ་གྲོས་མཐུན་བཀོད། 
2020.08.12 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 18

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པས་ཚེས་བཅུ་གཅིག་ཉིན་བརྡས་ཐག་བཅད་དེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱིས་མུ་མཐུད་ལས་འགན་ལག་བསྟར་བྱེད་པའི་འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་བྱུང་། 

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པས་ཚེས་བརྒྱད་ཉིན་གྱི་སྔ་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱིས་མུ་མཐུད་ལས་འགན་ལག་བསྟར་བྱེད་པར་ཐག་གཅོད་བྱེད་པའི་སྐོར་གྱི་གྲོས་གཞིའི་གསལ་བཤད་ལ་ཉན། ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཙུགས་གྲུབ་མི་སྣས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱིས་མུ་མཐུད་ལས་འགན་ལག་བསྟར་བྱེད་པའི་གྲོས་ཆོད་འཆར་ཟིན་ལ་ཚན་ཆུང་བགོས་ནས་གྲོས་ཞིབ་བྱས། ཚོགས་ཞུགས་མི་སྣ་དག་གིས་གཅིག་གྱུར་སྒོས་བལྟས་ན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ལྷན་ཚོགས་ནི་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཁྲིམས་འཛུགས་ལས་ཁུངས་ཡིན་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་ཆབ་སྲིད་སྒྲིག་གཞིའི་གྲུབ་འབྲས་གལ་ཆེན་ཞིག་ཡིན། ཁྲིམས་ལྟར་བཅའ་ཁྲིམས་གཏན་འབེབས་དང་བཟོ་བཅོས། རྩིས་མེད་དུ་གཏོང་བཞིན་ཡོད་པ་དང་། ནོར་སྲིད་སྔོན་རྩིས་ལ་དཔྱད་ཞིབ་དང་གྲོས་མཐུན་འགོད་པ། ཁྲལ་བསྡུ་དང་སྤྱི་བའི་འགྲོ་སོང་ལ་ཆོག་མཆན་འགོད་པ་སོགས་འགན་དབང་གཙོ་བོ་ལྡན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་དང་སྲིད་འཛིན་གྲོས་ཚོགས་ཀྱིས་ས་གནས་རང་གི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ཛ་དྲག་གནས་བབ་དབང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་བདུན་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འདེམ་བསྐོའི་བྱ་བ་ལོ་གཅིག་གིས་རྗེས་སུ་སྣུར་རྒྱུ་ཐག་བཅད་ཡོད། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྩ་ཁྲིམས་སྒྲིག་ལམ་དང་ཁྲིམས་སྐྱོང་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ་དང་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱུན་ལྡན་སྲིད་སྐྱོང་དང་སྤྱི་ཚོགས་ཀྱི་རྒྱུན་ལྡན་འཁོར་སྐྱོད་ལ་འགན་སྲུང་བྱེད་ཆེད། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱིས་མུ་མཐུད་དུ་ལས་འགན་ལག་བསྟར་བྱེད་པ་སོགས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱས་པ་དང་། དེ་རྩ་ཁྲིམས་དང་ཞང་ཀང་གི་གཞི་རྩའི་ཁྲིམས་སྲོལ་གྱི་གཏན་འཁེལ་དང་རྩ་དོན་ལ་མཐུན་ཞིང་དགོས་གལ་ཆེ་ལ་འོས་ཤིང་འཚམ་པ་ཞིག་ཡིན་པར་འདོད། 

གྲོས་ཆོད་ལྟར་ན། ཉིས་སྟོང་ཉི་ཤུ་ལོའི་ཟླ་དགུ་བའི་ཚེས་སུམ་ཅུའི་རྗེས་སུ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་དྲུག་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་བདུན་པའི་ཁྲིམས་འཛུགས་ལྷན་ཚོགས་ཀྱི་འགན་ཡུན་མགོ་རྩོམ་རག་བར་ཏེ་མ་མཐའ་ཡང་ལོ་གཅིག་རིང་ལས་འགན་ལག་བསྟར་བྱེད་དགོས། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྐབས་བདུན་པའི་ཁྲིམས་འཛུགས་ལྷན་ཚོགས་དེ་ཁྲིམས་ལྟར་བདམས་ཐོན་བྱུང་རྗེས་དེའི་འགན་ཡུན་སྔར་བཞིན་ལོ་བཞི་ཡིན་པ་རེད། 



ལོ་ཙཱ་བ། བསོད་ནམས་ཚེ་རིང་།