ཞིང་ཆེན་དང་གྲོང་ཁྱེར་མཉམ་འབྲེལ་གྱིས་ཟི་ལིང་གྲོང་ཁྱེར་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་དུ་བསྐྲུན་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
2020.08.12 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་བརྒྱད་པའི་ཚེས་བཅུ་གཅིག་ཉིན། ཞིང་ཆེན་དང་གྲོང་ཁྱེར་མཉམ་འབྲེལ་གྱིས་ཟི་ལིང་གྲོང་ཁྱེར་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་དུ་བསྐྲུན་པའི་བྱ་བའི་བཞུགས་མོལ་ཚོགས་འདུ་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཀྲང་ཁྲིན་རོས་ཧྥིན་གྱིས་འགོ་འཛིན་བྱས་ཏེ་གཏམ་བཤད། ཧྲིན་ཀྲང་གཞོན་པ། ཞིང་ཆེན་དཔལ་ཡོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཀྲང་ལིས་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཁྲིན་རོས་ཧྥིན་གྱིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གསུམ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ཟབ་མོ་བྱས་ཏེ། དཔལ་ཡོན་གྲོང་ཁྱེར་བསྐྲུན་པའི་བྱ་བ་ཏན་ཏིག་གིས་ཟབ་མོར་སྒྲུབ་དགོས། ཚད་གཞི་དང་རེའུ་མིག་ལ་དཔེ་བལྟས་ཏེ་དཔལ་ཡོན་གྲོང་ཁྱེར་བསྐྲུན་པའི་དམིགས་འབེན་དང་དཔྱད་འཇོག་མ་ལག་གིས་གནད་འཁེལ་ཤུགས་འདོན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་འཛུགས་པ། གོང་འོག་མཉམ་འབྲེལ་མངོན་འགྱུར་བཅས་བྱས་ཏེ་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་དགོས་ལ། གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་མང་ཚོགས་གསར་སྐྲུན་ཁྲོད་རྒྱ་ཆེར་ཞུགས་པར་སྐུལ་སློང་བྱས་ཏེ། དཔལ་ཡོན་གྲོང་ཁྱེར་བསྐྲུན་པའི་ཆུ་ཚད་ཡོངས་སུ་ཇེ་མཐོར་གཏོང་དགོས་ཤིང་། མཉམ་སྐྲུན་མཉམ་འཛུགས་མཉམ་སྤྱོད་རྒྱུན་འཁྱོངས་ཀྱིས་གསར་སྐྲུན་གྱི་ཚ་རླབས་བསྟུད་མར་འཕྱུར་བར་བྱས་ཏེ། མི་དམངས་ཀྱིས་མཛེས་སྡུག་འཚོ་བར་བཅངས་པའི་རེ་འདོད་རྒྱུན་མ་ཆད་པར་བསྐོང་དགོས་པ་དང་། ལས་སྲུང་འགན་སྒྲུབ་རྒྱུན་འཁྱོངས་ཀྱིས་གསར་སྐྲུན་འགན་ཁུར་གསལ་ཁྲར་དམ་དུ་དམིགས་ནས། དུས་བཅད་གནས་ཚུལ་ཡར་ཞུ་ལམ་ལུགས་འཛུགས་དགོས། ཞིབ་ཕྲའི་བརྒྱུད་རིམ་ལ་གཙིགས་འཛིན་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་ལེགས་སྐྲུན་ཐད་འབད་པ་བསྐྱེད་དེ། ཞིབ་ཚགས་ཅན་གྱི་བྱ་བའི་ཆུ་ཚད་རྒྱུན་མ་ཆད་པར་མཐོར་འདེགས་བྱས་ནས། དཔལ་ཡོན་གྲོང་ཁྱེར་བསྐྲུན་པའི་ཆུ་ཚད་ཇེ་མཐོར་གཏོང་བའི་ཁྲོད་དུ་གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་དུ་བསྒྱུར་དགོས། ཕྱོགས་ཡོངས་སྐུལ་སྤེལ་རྒྱུན་འཁྱོངས་ཀྱིས་བྱ་བ་དོན་འཁྱོལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། ཟི་ལིང་གྲོང་ཁྱེར་མུ་མཐུད་དུ་ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་དུ་འགྱུར་བར་ཁག་ཐེག་བྱེད་དགོས་ཟེར།

ཀྲང་ལིས་ཀྱིས་བསྟན་དོན། དཔལ་ཡོན་གྲོང་ཁྱེར་བསྐྲུན་པའི་དཔྱད་འཇོག་མ་ལག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་ཏེ། ལས་འགན་ཡི་གེ་དང་དུས་ཚོད་རེའུ་མིག ལམ་ཐིག་རི་མོ་བཅས་གཏན་འབེབས་བྱེད་པ་དང་། ལས་འགན་གསལ་བར་བྱེད་པ། ལས་བགོས་ཇེ་ཞིབ་ཏུ་གཏོང་བ། ཁ་ཕྱོགས་གཏན་ཁེལ་བྱེད་པ་དང་། གནད་འཁེལ་ཤུགས་འདོན་བྱས་ཏེ། དོན་དག་རེ་རེ་བཞིན་དུ་དོན་འཁྱོལ་བྱས་ནས། ཕྱོགས་ཡོངས་སྐུལ་སློང་དང་དམངས་ཡོངས་ཟབ་ཞུགས་ཀྱི་དཔལ་ཡོན་གྲོང་ཁྱེར་བསྐྲུན་པའི་རྣམ་པ་གྲུབ་པར་བྱེད་དགོས་ཟེར།

ཚོགས་འདུའི་སྟེང་། ཟི་ལིང་གྲོང་ཁྱེར་གྱིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་སྐྲུན་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཞིང་ཆེན་སྤྱི་བདེ་ཐིན་སོགས་ལས་ཁུངས་ཀྱིས་བརྗེ་རེས་གཏམ་བཤད་སྤེལ།

ཚོགས་འདུའི་སྔོན་ལ། ཁྲིན་རོས་ཧྥིན་གྱིས་ཡུལ་དངོས་ནས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་དང་ཟི་ལིང་གྲོང་ཁྱེར་རླངས་འཁོར་ས་ཚིགས་སུ་རྟོག་ཞིབ་བྱས།

ལོ་ཙཱ་བ། ཕྱུག་ལོ།