མཚོ་སྔོན་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་དང་ལན་ཏིས་རྒྱལ་སྤྱིའི་རིག་མཛོད་ཆེད་མཁས་པའི་བློ་འདྲི་གྲོས་ཚོགས་ཟི་ལིང་ནས་བསྡུས།
2020.09.19 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 30

ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་གྱི་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུ་དང་ལན་ཏིས་རྒྱལ་སྤྱིའི་རིག་མཛོད་ཆེད་མཁས་པའི་བློ་འདྲི་གྲོས་ཚོགས་ཟི་ལིང་ནས་བསྡུས་ཤིང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་གཏམ་བཤད་པ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཚོགས་ཐོག་ནས་ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ། ལན་ཏིས་རྒྱལ་སྤྱིའི་རིག་མཛོད་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་མཉམ་འབྲེལ་ཀྲུའུ་ཞི་ཧོང་ཆི་ཧྥན་གྱིས《རྒྱལ་ཁབ་ཕྱི་ནང་གཉིས་ཀྱི་འཁོར་རྒྱུག་ལ་བརྟེན་ནས་མཚོ་སྔོན་ས་ཁུལ་གྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས》ཞེས་པ་བརྗོད་དོན་དུ་བཟུང་ནས་སྙན་ཞུ་ཕུལ་བ་དང་། ཀྲུང་གོ་ལས་རིགས་ལག་རྩལ་སློབ་གསོའི་སློབ་ཚོགས་ཀྱི་ཚོགས་གཙོ། ལན་ཏིས་རྒྱལ་སྤྱིའི་རིག་མཛོད་ཆེད་མཁས་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལུའུ་ཅུན་གྱིས《དེང་རབས་ཐོན་ལས་དང་མི་ཤུགས་ཐོན་ཁུངས་གསར་སྤེལ》ཞེས་པ་བརྗོད་གཞིར་བཟུང་ནས་སྙན་ཞུ་ཕུལ། ཚོགས་ཞུགས་མི་སྣས“མཚོ་སྔོན་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཀྱི་བརྙན་ཐུང་བལྟས།

ཝང་ཅན་ཅུན་གྱིས་བཤད་རྒྱུར། ན་ནིང་གི་དེ་རིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཞུགས་མོལ་ཚོགས་འདུར་འགོ་འཛིན་མཛད་དེ། རྨ་ཆུ་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འཆར་གཞི་གསར་པ་བཀོད་སྒྲིག་གནང་། ཟླ་གོང་མའི་ནང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་གསུང་བཤད་གལ་ཆེན་གནང་ནས། བོད་དང་ཞིང་ཆེན་བཞིའི་བོད་དང་འབྲེལ་བའི་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད་ཆེད་འཆར་འགོད་གསར་པ་ཞིག་བཀོད་སྒྲིག་གནང་། ཏང་ཀྲུང་དབྱང་གི་ཇུས་འགོད་བཀོད་སྒྲིག་དེ་མཚོ་སྔོན་དུ་དོན་འཁྱོལ་ཐུབ་པ་བྱེད་དགོས། མཚོ་སྔོན་མ་འོངས་པར་སྔར་ལས་མཛེས་སྡུག་ལྡན་པར་བྱེད་དགོས་ན། ངེས་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་དགོས། བློ་བརྟན་འགྱུར་མེད་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་དགོས། མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་ལས་དོན་ལ་ཞིབ་འཇུག་དང་ཇུས་འགོད་ཡག་པོ་བྱེད་པར་མིའི་རྒྱུ་རྐྱེན་ལ་བསམ་གཞིགས་གང་ལེགས་བྱེད་དགོས། དོན་གྱི་དཀའ་སླ་ལ་བསམ་བློ་ཞིབ་མོ་གཏོང་དགོས། སྐྱེ་ཁམས་ཀྱི་རིན་ཐང་ལ་ཚན་རིག་དང་མཐུན་པའི་དཔྱད་འཇོག་བྱེད་རྒྱུ་དང་ཐོན་ལས་སྐྱེད་སྲིང་བྱེད་པར་གནད་ལ་འཁེལ་བའི་གནས་ཐིག་གཏན་ཁེལ་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གནས་བབ་དང་བསྟུན་ནས་སྒྲུབ་དགོས་པ་དང་རིག་གནས་ཀྱི་གདེང་ཚོད་རྒྱུན་འཁྱོངས་བྱེད་དགོས། ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་སྒྲིལ་ནས་ལོ་ལྔའི་འཆར་གཞི་བཅུ་བཞི་བ་བདེ་བླག་ངང་འགོ་ཡག་པོ་རྩོམ་དགོས་ཟེར།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། མཚོ་སྔོན་ནི་རྨ་ཆུའི་འགོ་ཁུངས་ཀྱི་ས་ཁུལ་དང་རྨ་ཆུའི་ཆུ་ལག་གཙོ་བོ་ཡིན་ལ། བོད་དང་འབྲེལ་བའི་ལས་དོན་གྱི་གཙོ་གནད་ཞིང་ཆེན་ཡང་ཡིན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བོད་དང་འབྲེལ་བ་ཡོད་པའི་ས་ཁུལ་གྱི་ཕུགས་ཀྱི་འཕེལ་རྒྱས་དང་ཡུན་སྐྱོང་བདེ་འགོད་མངོན་འགྱུར་བྱ་རྒྱུ་ནི་ང་ཚོའི་དོར་ཐབས་མེད་པའི་འགན་འཁྲི་གལ་ཆེན་དང་རང་འགན་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་ཞིག་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། “འདུ་ཤེས་བཞི”ཇེ་བརྟན་དུ་གཏོང་བ། “ཡིད་རྟོན་བཞི”ཇེ་དྲག་ཏུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་སྒྲུབ་ཐུབ་པ་བཅས་བྱེད་དགོས། མངགས་བཅོལ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། དྲིན་ཚོར་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པ། ཏན་ཏན་ཏིག་ཏིག་བཞི་དང་ཆེ་ཤོས་གསུམ་གྱི་བླང་བྱ་གལ་ཆེན་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། རྨ་ཆུའི་སྐྱོན་བྲལ་བདེ་འཇགས་སྲུང་བའི་འབྱུང་རྩའི་འགན་འཁྲི་དང་ཆུ་གཞུང་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་མཚོ་སྔོན་གྱིས་ལེགས་སྐྱེས་ཕུལ་ནས། མཚོ་སྔོན་གྱི་ལོ་ལྔའི་འཆར་གཞི་བཅུ་བཞི་བའི་རིང་དེང་རབས་ཅན་ལ་ཁ་ཕྱོགས་པའི་ལེའུ་གསར་བ་རྩོམ་དགོས་ཟེར།

ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་ཡུས་ཚུང་ལི།   ཁྲིན་རུའེ་ཧྥིན། ཝང་ལིས་མིན། ཀྲང་ལིས་བཅས་ཚོགས་འདུར་ཞུགས།

ལོ་ཙཱ་བ། བན་དེ་སྐྱབས།