མཚོ་འགག་གླེང་སྟེགས་སྐབས་བཅུ་གཉིས་པ་ཞཱ་མིན་ནས་སྤེལ། 
2020.09.21 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 11

མཚོ་འགག་གླེང་སྟེགས་སྐབས་བཅུ་གཉིས་པ་ཚེས་ཉི་ཤུ་ཉིན་ཞཱ་མིན་ནས་སྤེལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་ཐོག་ནས་བརྙན་རིས་ཞུ་ཚིག་ཕུལ། 

ཝང་དབྱང་གིས་ཐོག་མར་ཀྲུང་གུང་ཀྲུང་དབྱང་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚབ་མཛད་དེ། གླེང་སྟེགས་ལ་ཞུགས་པའི་སྐུལ་མགྲོན་དག་དང་ཁྱད་པར་དུ་ཐེ་ཝན་སྤུན་ཟླ་དག་ལ་སྙིང་ཉེ་བའི་འཚམས་འདྲི་མཛད། ཁོང་གིས་བསྟན་དོན། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་རྨང་གཞི་དམངས་ཁྲོད་དུ་ཡོད་པ་དང་སྒུལ་ཤུགས་མི་དམངས་ཡིན། མཚོ་འགག་གླེང་སྟེགས་དེ་ཉིས་སྟོང་དགུའི་ལོར་བདེ་བླག་ངང་སྤེལ་བའི་ཚུན་ལ། ཐོག་མཐའ་བར་གསུམ་དུ་བར་ཆད་སོགས་ལ་འཛེམ་པ་མེད་པར་ལོ་རེ་བཞིན་དུས་ལྟར་སྤེལ། ད་ལོར་པྲོག་གསར་གློ་ཚད་རིམས་ནད་སོགས་ཀྱི་ཤུགས་རྐྱེན་ངན་པ་ཡོད་ཀྱང་། གླེང་སྟེགས་སྔར་བཞིན་གཟབ་རྒྱས་ངང་སྤེལ་བ་རེད། ཐེ་ཝན་གྱི་སྤུན་ཟླ་མང་བོ་གླེང་སྟེགས་ལ་ཞུགས་པ་ལས་མཚོ་འགག་འགྲམ་གཉིས་ཀྱི་མང་ཚོགས་ཀྱི་བརྗེ་རེས་སེམས་འདུན་རྣམ་དག་དང་ཤུགས་དྲག་པས། སྟོབས་ཤུགས་གང་རུང་གིས་བཀག་རྒྱ་བཟོ་ཐབས་མེད་པ་བདེན་དཔང་བྱས་ཡོད་ཅེས་གསུངས། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། སྒོ་འབྱེད་ལས་གོང་འཕེལ་འབྱུང་བ་དང་བཀག་སྡོམ་ལས་རྗེས་ལུས་སུ་འགྱུར་སྲིད། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ལོ་ངོ་བཅུའི་འཕེལ་རྒྱས་ལས་བརྗེ་རེས་ཕྱོགས་གཉིས་ལ་ཕན་པ་དང་བཀག་སྡོམ་ཕྱོགས་གཉིས་ལ་གནོད་པ་བདེན་དཔང་བྱས་ཡོད། ད་ལོའི་ཚུན་ལ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལྷག་ཏུ་ཛ་དྲག་ཆེ་བ་དང་། མཚོ་འགག་འགྲམ་གཉིས་ཀྱི་ཉོ་ཚོང་འབོར་གྲངས་སྔར་བཞིན་འཕར་སྣོན་འབྱུང་བ་སྲུང་འཛིན་བྱས་ཡོད་ལ། དེ་ལས་མེས་རྒྱལ་སྐམ་ས་ཆེན་མོ་ནི་ནམ་ཡིན་ཡང་ཐེ་ཝན་གྱི་ཆེས་སྟོབས་དང་ལྡན་པའི་རྒྱབ་རྟེན་དང་བློ་གཏོད་རུང་བའི་རྟེན་ས་ཡིན་པ་གསལ་བཤད་གང་ལེགས་བྱས་ཡོད། ཐེ་ཝན་དང་ནང་ལོགས་ཀྱི་མི་ལ་ལས་མཚོ་འགག་འགྲམ་གཉིས་ཀྱི་བརྗེ་རེས་མཉམ་ལས་ཡུན་ཐུང་དུ་གཏོང་འདོད་ཡོད་པ་དང་། སྐམ་ས་ཆེན་མོའི་བར་དཔལ་འབྱོར་འབྲེལ་མཚམས་དང་རིག་གནས་འབྲེལ་ཐག་གཅོད་པར་ངན་སེམས་བཅངས་ཡོད། དེ་ཐེ་ཝན་ལ་མཚོན་ན་གནོད་པ་བརྒྱ་ལས་ཕན་ཁེ་གཅིག་ཀྱང་མེད། ཐེ་ཝན་རང་བཙན་ནི་ཐར་བ་མེད་པའི་ལམ་ཡིན་པ་དང་། ཉེན་ཁ་དེ་འདྲ་བརྒྱུད་ན་ཐེ་ཝན་ལ་ཐེག་ཐབས་མེད་པའི་ཉེན་ཁ་བཟོ་སྲིད་ལ། ང་ཚོས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ལ་གནོད་པ་གང་རུང་ཐེབས་པར་བཟོད་སྒོམ་གཏན་ནས་བྱེད་མི་སྲིད་ཅེས་གསུངས། 

ཝང་དབྱང་གིས་ནན་གྱིས་བསྟན་དོན། མཚོ་འགག་འགྲམ་གཉིས་ཀྱིས་དམངས་ཁྲོད་ཀྱི་བརྗེ་རེས་རྒྱ་བསྐྱེད་པ་དང་། མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་དྲང་བདེན་གྱི་བྱ་སྤྱོད་ཅིག་ཡིན་པར་མ་ཟད་ཁེ་ཕན་ཆེན་པོ་ཞིག་ཀྱང་ཡིན་པས། སྔར་ལས་འབྲེལ་འདྲིས་ཟབ་མོ་མི་བྱེད་པའི་རྒྱུ་མཚན་ཅི་ཡང་མེད། ང་ཚོས་གོ་གཉིས་ལོའི་ཐུན་མོང་ལྟ་ཚུལ་གྱི་རྨང་གཞིའི་སྟེང་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་ཞི་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམིགས་ས་དང་རྐང་འཛུགས་ས་ནི་སྤུན་ཟླའི་བར་གྱི་བརྩེ་བ་དང་བདེ་སྐྱིད་ཇེ་དྲག་ཏུ་བཏང་སྟེ། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླ་དག་གིས་སྔར་ལས་མཛེས་སྡུག་གི་འཚོ་བ་ཞིག་རོལ་དུ་འཇུག་པའི་ཆེད་ཡིན། ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་ཐེ་ཝན་སྤུན་ཟླར་ཕན་པའི་ལམ་ལུགས་བཀོད་སྒྲིག་དང་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་བཏང་ནས། ཐེ་ཝན་གྱི་ན་གཞོན་མང་བོའི་སྐམ་ས་ཆེན་མོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རོགས་རམ་བྱེད་རྒྱུ་ཡིན། མཚོ་འགག་འགྲམ་གཉིས་ཀྱི་སྤུན་ཟླས་མི་རིགས་ཀྱི་བརྩེ་བ་ཆེན་པོ་སྲུང་འཛིན་དང་། ལོ་རྒྱུས་ཀྱི་ཁ་ཕྱོགས་དང་བསྟུན་ནས། མེས་རྒྱལ་གཅིག་གྱུར་གྱི་ལོ་རྒྱུས་འགན་འཁྲི་མཉམ་དུ་ཁུར་ཏེ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་རླབས་ཆེན་བྱ་གཞག་མཉམ་དུ་འཛིན་དགོས་པའི་རེ་བ་བཏོན། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།