ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པ་ཟི་ལིང་ནས་གྲོལ།
2020.09.26 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པ་ཟི་ལིང་ནས་གྲོལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་དང་མ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧེ་ཁུན། ལིག་ཐུན་ཏི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་། དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་བསྡོམས་པས་མི་ང་བཞི་གྲོས་ཚོགས་ལ་ཞུགས། ཀྲང་ཀོང་རོང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་མཚོ་སྔོན་ཞིང་ཆེན་གྱི་སྒོ་ཕྱུགས་ཁྱིམ་བྱ་བཤས་གཏོང་དོ་དམ་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཟི་ལིང་གྲོང་ཁྱེར་ནག་ཚལ་ར་བའི་ལྗང་སྒྱུར་བཟོ་བཅོས་སྲོལ་ཡིག་ལ་ཆོག་མཆན་བཀོད་པའི་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་ཉིས་སྟོང་ཉི་ཤུ་ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་ཆོག་མཆན་བཀོད་པའི་སྐོར་གྱི་གྲོས་ཆོད། མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་ཞིབ་བཤེར་སྙན་ཞུ་བཅས་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་འབྲེལ་ཡོད་མི་དོན་དོན་དག་ལ་གྲོས་འཆམ་བྱུང་། ཝུན་གོ་ཏུང་གི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པའི་གོ་གནས་མེད་པར་བཏང་ནས་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་ལ་ཐོ་འགོད་སྙན་སེང་བྱེད་རྒྱུ་ཐག་བཅད།

ཧྲིན་ཀྲང་གཞོན་པ་ལིག་ཐའོ་དང་ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བ། ཞིང་ཆེན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཁྲིན་མེན་གོ། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགན་འཁུར་བ་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

ལོ་ཙཱ་བ། བཀྲ་ཤིས་འབུམ།