མཚོ་སྔོན་ཞིང་ཆེན་རྫོང་ཁོངས་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་སུ་གཏོང་བའི་རྒྱལ་ཁབ་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཡར་ཞུ་ཚོགས་འདུ་ཟི་ལིང་ནས་ཚོགས།
2020.09.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་དགུ་པའི་ཚེས་ཉེར་གཉིས་ཉིན་ནས་ཚེས་ཉེར་བདུན་ཉིན་བར། རྒྱལ་ཁབ་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་རྫོང་ཁོངས་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ཡུལ་དངོས་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ཚེས་ཉེར་བདུན་ཉིན་གྱི་སྔ་དྲོར་ཟི་ལིང་ནས་ལྟ་སྐུལ་ཞིབ་བཤེར་ཡར་ཞུ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་དང་། སློབ་གསོ་པུའུ་ཡི་ཏང་ཙུའུ་ཁོངས་མི། པུའུ་ཀྲང་གཞོན་པ། སྤྱིའི་ལྟ་ཞིབ་བློ་འདྲི་བ་ཝང་ཀྲན་གྱིས་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གི་ཚབ་བྱས་ནས་གནས་ཚུལ་ཡར་ཞུ་བྱས། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྲོས་ཚོགས་ལ་ཞུགས།

ཝང་ཀྲན་གྱིས་གནས་ཚུལ་ཡར་ཞུ་བྱེད་སྐབས་བསྟན་དོན། ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་རྒྱལ་ཡོངས་སློབ་གསོ་ཚོགས་ཆེན་གྱི་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། སྲིད་ཇུས་ལྟར། མཚོ་སྔོན་གྱི་ཡར་ཞུ་དཔྱད་གཞིར་ཞིབ་བཤེར་ནན་མོ་བྱས་རྗེས་སྤེལ་བ་ཡིན། ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས། མཚོ་སྔོན་ཞིང་ཆེན་གྱི་རྫོང་ཡོངས་རྒྱལ་ཁབ་ཀྱིས་གཏན་ཁེལ་བྱས་པའི་དཔྱད་འཇོག་ཁས་ལེན་ཚད་གཞིར་སླེབས་ཡོད་པར་མ་ཟད། ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གི་གྲུབ་འབྲས་སློབ་གསོ་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་བྱས་ནས། ཁས་ལེན་སྤྱི་སྒྲོག་བྱེད་རྒྱུའི་རེ་ཞུ་བྱེད་རྒྱུ་ཡིན་པའི་ཚུལ་བསྟན།

ཁྲིན་ཧྥུའུ་ཀྲི་ཡིས་བསྟན་དོན། ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་ནི་མཚོ་སྔོན་སློབ་གསོ་ཐད་ཀྱི་དོན་ཆེན་ཡིན་ལ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་བཅོས་བསྒྱུར་འཕེལ་རྒྱས་ཀྱི་ལས་འགན་ཡོངས་འགྲུབ་བྱེད་པའི་དུས་ལ་སླེབས་པས། དོན་སྙིང་ཧ་ཅང་གལ་ཆེན་ལྡན། མཚོ་སྔོན་ཞིང་ཆེན་གྱིས་ཀྲུང་དབྱང་གི་རེ་བ་ལྟར། ཤུགས་ཡོད་སྒོས་སྤེལ་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དོ་མཉམ་འཕེལ་རྒྱས་ལམ་བུ་བཏོད། ཏང་སྲིད་གཙོ་གཞི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་པ་དང་། དཔྱད་ཞིབ་དམ་འཛིན་བྱས་ནས། སྤྱི་ཚོགས་ལྟ་སྐུལ་དང་ལེན་བྱེད་དགོས། སློབ་བྱོལ་ཚོད་འཛིན་དང་སློབ་ཞུགས་ལ་འགན་སྲུང་བྱེད་པའི་རྐྱེན་སྲོལ་གྲུབ་འབྲས་བཟང་བ་དང་། འགན་འཁྲི་དང་རྐྱེན་སྲོལ། བྱེད་ཐབས། སློབ་ཞུགས་འགན་སྲུང། སེམས་ཁུར་བཅས་ཕྱོགས་ནས་ཁྱད་ཆོས་མངོན་གསལ་དང་ཉམས་མྱོང་གྲུབ་པར་བྱས། སློབ་སྒྲུབ་ཆ་རྐྱེན་ལེགས་བསྒྱུར་བྱས་པ་དང་། སློབ་མའི་ཉལ་ཁང་དང་ཡོ་བྱད་སྒྲིག་ཆས། འཛིན་གྲྭ་ཆེན་པོ་སོགས་ཀྱི་དམིགས་ཚད་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཟེར།

ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་གཏམ་བཤད་པ་དང་། གནས་ཚུལ་ཡར་ཞུ་ཐད་ནས་ཕྱིར་ལན་བཏབ། ཁོས་བསྟན་དོན། ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་ནི་རང་ཞིང་གི་འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་སུ་གཏོང་བའི་ཕྱོགས་བསྡུས་ལག་ལེན་ཡིན་ལ། ལྟ་སྐུལ་གྲོས་གཞི་ཡིས་མིག་སྔར་དོ་དམ་བྱེད་པ་མ་ཟད་ཡུན་རིང་ལ་ཡང་ཕན། ང་ཚོས་ཐེངས་འདིའི་ལྟ་སྐུལ་ཞིབ་བཤེར་གོ་སྐབས་སུ་བརྩིས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། འོས་འགན་སློབ་གསོ་དོ་མཉམ་འཕེལ་རྒྱས་སུ་གཏོང་རྒྱུ་དེ་འབུར་ཐོན་གྱི་གོ་གནས་སུ་འཇོག་དགོས། བར་ཆད་ལ་དོ་སྣང་བྱེད་པ་དང་། གནད་དོན་དང་ལས་འགན། འགན་འཁྲི། དུས་བཀག་གི་གསལ་ཕྲ་བཏོན་ནས། དག་ཐེར་ལེགས་བཅོས་ལ་དམ་འཛིན་བྱེད་དགོས། ལོ་ལྔའི་འཆར་གཞི་བཅུ་བཞི་པར་ཟུང་འབྲེལ་བྱེད་པ་དང་། སློབ་གསོ་པུའུ་ཡི་རྒྱབ་སྐྱོར་འོག གཙོ་བོར་དགེ་རྒན་དཔུང་སྡེ་དང་ཆ་འཕྲིན་ཅན་འཛུགས་སྐྲུན་ཕྱོགས་ནས་གོ་རིམ་རྗེས་མའི་འཕེལ་རྒྱས་ཇུས་ཆོད་ལ་འཆར་འགོད་བཟང་བོ་བྱེད་དགོས་ཟེར།

                                                                                                                          ལོ་ཙཱ་བ། རིན་ཆེན་མཚོ།