ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གསུམ་པའི་སྟེང་གསུང་བཤད་གལ་ཆེན་གནང་།
2020.09.30 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་ཟླ་དགུ་བའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་དང་དེའི་དོན་སྙིང་བརྗོད་གཞིར་བཟུང་ནས་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གསུམ་པ་འཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ཚོགས་འདུར་འགོ་འཛིན་མཛད་དེ་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་ཀྲུང་གོར་ཁྱབ་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྤྱི་ཚོགས་འཕོ་འགྱུར་འབྱུང་བཞིན་ཡོད་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལག་ལེན་གསར་གཏོད་རླབས་ཆེན་ཡང་བྱེད་བཞིན་ཡོད། ང་ཚོའི་ལག་ལེན་གསར་གཏོད་དེ་ངེས་པར་དུ་ལོ་རྒྱུས་འཕེལ་རྒྱས་ཀྱི་ཆོས་ཉིད་སྟེང་ནས་འཛུགས་དགོས་པ་དང་། ངེས་པར་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཁ་ཕྱོགས་ཐོག་སྐྱོད་ཐུབ་པར་བྱེད་དགོས། གནའ་རྫས་རྟོག་ཞིབ་ཀྱི་ལས་ཀར་མཐོང་ཆེན་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་དང་ཀྲུང་གོའི་ཉམས་འགྱུར། ཀྲུང་གོའི་བཟོ་ལྟ་བཅས་ལྡན་པའི་གནའ་རྫས་རྟོག་ཞིབ་རིག་པ་འཛུགས་སྐྲུན་ཧུར་ཐག་བྱས་ནས། ལོ་རྒྱུས་ཡུན་རིང་ལྡན་ཞིང་མཁྱེན་དཔྱོད་ཟབ་ཅིང་ཡངས་པའི་ཀྲུང་ཧྭའི་ཤེས་རིག་ལ་ངོས་འཛིན་སྔར་ལས་ལེགས་པོ་བྱས་ཏེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་རིག་གནས་ཀྱི་ཡིད་རྟོན་ཆེ་རུ་གཏོང་བར་འདེགས་སྐྱོར་བརྟན་པོ་འདོན་སྤྲོད་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་གནའ་རྫས་རྟོག་ཞིབ་དང་ལོ་རྒྱུས་ཞིབ་འཇུག་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་ཁག་བཞི་བཏོན་པ་སྟེ། གཅིག་ནས་མ་ཤེས་པའི་ཁྱབ་ཁོངས་འཚོལ་དཔྱོད་དང་འབྱུང་རྩ་གསལ་སྟོན་བྱེད་དགོས།  གཉིས་ནས་གནའ་རྫས་རྟོག་ཞིབ་ཀྱི་གྲུབ་འབྲས་སྔོག་འདོན་དང་ལེགས་སྒྲིག འགྲེལ་བཤད་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། གསུམ་ནས་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱ་བ་བཟང་བོར་བསྒྲུབ་དགོས། བཞི་ནས་གནའ་རྫས་རྟོག་ཞིབ་ཀྱི་ནུས་པ་དང་རིག་ཚན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།