ཝང་ཡུས་ཡན་གྱིས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྟེང་གཏམ་བཤད།
2020.09.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 7

ཟླ་དགུ་བའི་ཚེས་ཉེར་དགུ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རྩ་འཛུགས་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱེད་པའི་སྐོར་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཝང་ཡུས་ཡན་ཚོགས་འདུར་ཞུགས་ནས་གཏམ་བཤད།

ཝང་ཡུས་ཡན་གྱིས་བསྟན་དོན། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ནི་ཏང་གི་རྩ་འཛུགས་འཛུགས་སྐྲུན་ལ་སློབ་སྟོན་བྱེད་པའི་བྱེད་ཕྱོགས་ཀྱི་ཚད་གཞི་ཡིན་པ་དང་ཏང་གི་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་བའི་དགོས་ངེས་ཀྱི་བླང་བྱ་ཡིན་ལ། ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བའི་རྩ་བའི་འགན་ལེན་ཡང་ཡིན་ཟེར། ཁོ་མོས་ནན་གྱིས་བསྟན་དོན། ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་དགོས། ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་གཙོ་བོར་འཇོག་པ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱེད་པ། རང་རྟོགས་ངང་སྲུང་སྐྱོབ་བྱེད་དགོས་པ་གཉིས་ཀྱི་ཆབ་སྲིད་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་དགོས། ཏང་གི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པར་ཤུགས་སྣོན་རྒྱག་པ་དང་་དཔེ་དབྱིབས་རྒྱུན་འཁྱོངས་བྱེད་དགོས། བླ་སྲོག་འཛུགས་སྐྲུན་བྱས་ཏེ་སློབ་སྦྱོང་དང་ཟབ་སྦྱོང་གི་སྤུས་ཚད་མཐོ་རུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་དང་ལག་བསྟར་སྐུལ་འདེད་གཏོང་དགོས། ཏང་གི་རྩ་འཛུགས་མ་ལག་ཇེ་དམ་དུ་གཏོང་བ་དང་གཞི་རིམ་དམ་འཛིན་ཤུགས་ཆེན་བྱེད་པའི་ཁྲིད་ཕྱོགས་གསལ་པོ་བརྟན་པོར་འཛུགས་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱེད་དགོས། མི་བཀོལ་སྤྱོད་ཡང་དག་བྱེད་པའི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་ཚད་གཞི་དང་ལས་དོན་གྱི་ཁྲིད་ཕྱོགས། བླང་བྱ་ནན་མོ་བཅས་མངོན་གསལ་དོད་པོ་ཡོང་བར་བྱས་ནས། ལྷག་བསམ་རྣམ་དག་དང་སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་སྡེ་འཛུགས་སྐྲུན་བྱེད་དགོས། ཤེས་ལྡན་མི་སྣའི་ལས་དོན་གྱི་སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། སྲིད་ཇུས་དོན་འཁྱོལ་དང་ཁོར་ཡུག་ཇེ་ལེགས་སུ་བཏང་ནས་ཤེས་ལྡན་མི་སྣའི་གསར་གཏོད་དང་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་དགོས། ཏང་གི་རྩ་འཛུགས་ལམ་ལུགས་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་མཐར་ཕྱིན་བྱེད་པའི་བླང་བྱ་བྱེ་བྲག་ཅན་དུ་བཏང་ནས། ཏང་གི་རྩ་འཛུགས་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།