རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་གློག་འཕྲིན་བཏང་ནས་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་བདེ་ལེགས་ངང་བསྡུས་བར་རྟེན་འབྲེལ་ཞུས།
2020.09.30 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 14

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་ལ་ཕུལ་དོན།

དབུལ་ཐར་མཁྲེགས་གཏོར་དམག་འཐབ་དང་ཁྱོན་ཡོངས་ནས་འབྱོར་འབྲིང་དུ་འགྱུར་བའི་རྒྱལ་ཁ་ཕུ་ཐག་ཆོད་པར་ལེན་པ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་མཇུག་བསྡུ་བ་བཅས་ཀྱི་འགག་རྩའི་དུས་སྐབས་སུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གསར་འཛུགས་སྐུལ་སློང་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་བསྡུས་ནས། གཟེངས་བསྟོད་ཐོབ་པའི་དཔེ་བཟང་ཐུན་མོང་དང་མི་སྒེར་ལ་སྤྲོ་སེམས་འཁོལ་བའི་ངང་ནས་རྟེན་འབྲེལ་ཞུས་པ་ཡིན། མཚོ་སྔོན་གྱི་མི་རིགས་བྱ་བའི་འཐབ་ཕྱོགས་སུ་དཀའ་སྤྱད་ཀྱིས་བྱ་བ་སྒྲུབ་པའི་བློ་མཐུན་ཚོ་དང་། མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ལས་རིགས་ཁག་གི་མི་སྣ་དང་། ས་མཐོར་འབད་འཐབ་བྱེད་བཞིན་པའི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས། མཚོ་སྔོན་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུ་བ་དང་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་འཚམས་འདྲི་ཞུས་པ་ཡིན།

མཚོ་སྔོན་ནི་གནའ་ནས་བཟུང་མི་རིགས་ཁག་ཕན་ཚུན་བར་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ཀྱི་ས་ཆ་གལ་ཆེན་ཞིག་ཡིན་ལ། མི་རིགས་ལས་དོན་གྱི་ཞིང་ཆེན་ཆེན་པོ་ཞིག་ཀྱང་ཡིན། སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྣེ་ཁྲིད་འོག་ཏུ། མཚོ་སྔོན་མི་རིགས་ཁག་གི་མི་དམངས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་དུ་བཏང་ནས། འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་མུ་མཐུད་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་བར་མ་ཟད། མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་སློབ་སྦྱོང་དང་ལས་དོན་མཉམ་སྒྲུབ། ཕན་ཚུན་རོགས་རམ་བཅས་བྱས་ཏེ་སེ་འབྲུའི་འབྲུ་རྡོག་བཞིན་དམ་པོར་གནས་ཡོད།  ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏུ། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་དང་། མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས། དེ་མིན་ད་དུང་ཞིང་ཆེན་གྱི་གནས་ཚུལ་དངོས་ནས་རྐང་འཛུགས་པ་དང་འགན་འཁྲི་འཁུར་བ། མི་རིགས་མཐུན་སྒྲིལ་ལས་དོན་འདི་ཉིད་ཁྱོན་ཡོངས་རང་བཞིན་དང་རྨང་གཞིའི་རང་བཞིན། ཡུན་རིང་རང་བཞིན་བཅས་ཀྱི་ལས་དོན་ལ་བརྩིས་ནས་དམ་འཛིན་བྱས་པར་མ་ཟད། ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ། བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་བསྐྲུན་ཞེས་པའི་སྤྱིའི་དམིགས་ཚད་ལ་དམ་པོར་དམིགས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་རྩ་ཆེའི་ཉམས་མྱོང་གསོག་འཇོག་བྱས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། མཚོ་སྔོན་དུ་མི་རིགས་ལས་དོན་དོན་གཉེར་མ་བྱས་ན་ཁྱོན་ཡོངས་དོན་གཉེར་བྱེད་མི་ཐུབ་ཅེས་བསྟན་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྟེང་དུ། མཚོ་སྔོན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་དགོས་ཞེས་གདམས་ཡོད་ཅིང་། དེ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རེ་བ་ཟབ་མོ་བཅངས་པ་ཞིག་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མུ་མཐུད་དུ་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་། མི་རིགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། “འདུ་ཤེས་བཞི”ཇེ་བརྟན་དུ་གཏོང་བ་དང“ཡིད་རྟོན་བཞི”ཇེ་དྲག་ཏུ་གཏོང་བ། “སྲུང་སྐྱོབ་བྱེད་དགོས་པ་གཉིས”བཟང་བོར་སྒྲུབ་ཐུབ་པ་བཅས་བྱེད་དགོས་ལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་རྒྱུ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་ཀྱི་དྲིལ་བསྒྲགས་སློབ་གསོ་ཟབ་སྤེལ་དང་མི་རིགས་ཁག་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་བསྐྲུན་པའི་ལས་དོན་ཕྱོགས་ཡོངས་ནས་གཏིང་ཟབ་དང་རྒྱུན་སྲིང་ངང་སྤེལ་དགོས། མི་རིགས་ཁག་འགྲོ་འོང་དང་བསམ་ཚུལ་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་ཕན་པའི་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་འཐུས་ཚང་དུ་གཏོང་དགོས། ཏང་གིས་མི་རིགས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་མཚོ་སྔོན་གྱི་ལེའུ་གསར་པ་འབྲི་དགོས།

མཇུག་ཏུ་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཞིང་ཆེན་བསྐྲུན་པའི་སྐུལ་སློང་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་བདེ་ལེགས་ངང་བསྡུས་བར་སྨོན་འདུན་ཞུ་རྒྱུ་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ།

རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས།

2020ལོའི་ཟླ9ཚེས22ཉིན་ཕུལ།

ལོ་ཙཱ་བ། བན་དེ་སྐྱབས།