ཞི་ཅིན་ཕིང་གིས་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་ན་གཞོན་ལས་བྱེད་པས་དངོས་ཡོད་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་ཆེར་བཏང་ནས་དོན་དག་སྒྲུབ་འདོད་པ་དང་དོན་དག་སྒྲུབ་ཐུབ་པ། དོན་དག་སྒྲུབ་ན་འགྲུབ་པ་བཅས་བྱེད་དགོས་ཞེས་གསུངས།
2020.10.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 182

ཉིས་སྟོང་ཉི་ཤུ་ལོའི་སྟོན་དུས་སློབ་སྐབས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟླ་བཅུ་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར་ཀྲུང་དབྱང་གི་ཏང་གི་སློབ་གྲྭ་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་།


ཉིས་སྟོང་ཉི་ཤུ་ལོའི་སྟོན་དུས་སློབ་སྐབས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟླ་བཅུ་པའི་ཚེས་བཅུ་ཉིན་གྱི་སྔ་དྲོར་ཀྲུང་དབྱང་གི་ཏང་གི་སློབ་གྲྭ་ནས་ཚོགས་འགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་ནས། ལོ་རྒྱུས་ནི་རྟག་ཏུ་གནད་དོན་རྒྱུན་མ་ཆད་པར་ཐག་བཅད་པའི་ཁྲོད་ནས་གོང་དུ་འཕེལ་བ་ཡིན་ལ། ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་གསར་བརྗེ་སྤེལ་བ་དང་འཛུགས་སྐྲུན་བྱེད་པ། བཅོས་སྒྱུར་འཛིན་པ་བཅས་ཚང་མ་རང་རྒྱལ་གྱི་དངོས་ཡོད་གནད་དོན་ཐག་གཅོད་པའི་ཆེད་དུ་ཡིན། དངོས་ཡོད་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་ཆེར་གཏོང་བ་ནི་དེང་སྐབས་ཀྱི་གནས་བབ་རྙོག་འཛིང་ལ་ཁ་གཏད་འཇལ་བ་དང་། དཀའ་ཚེགས་ཀྱི་ལས་འགན་ཡོངས་འགྲུབ་བྱེད་པའི་དགོས་མཁོ་ཆེན་པོ་ཡིན་ལ། ན་གཞོན་ལས་བྱེད་པ་འཚར་ལོངས་འབྱུང་བའི་ངེས་མཁོའི་རེ་བ་ཡིན་པས། རྙོག་འཛིང་གི་གནས་བབ་དང་དཀའ་ཚེགས་ཀྱི་ལས་འགན་ལ་དམིགས་ནས། ང་ཚོས་ཉམས་ཉེན་ཁྲོད་ནས་གོ་སྐབས་འཚོལ་བ་དང་། བསྒྱུར་བཅོས་ཁྲོད་ནས་གནས་བབ་གསར་པ་བསྐྲུན་དགོས། ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལས་བྱེད་པས་ཆབ་སྲིད་ནུས་པ་དང་རྟོག་དཔྱོད་ཞིབ་འཇུག་གི་ནུས་པ། ཚན་རིག་ཇུས་གཅོད་ཀྱི་ནུས་པ། བཅོས་སྒྱུར་མཁྲེགས་གཏོར་གྱི་ནུས་པ། འཕྲལ་བསྟུན་བབ་གཅོད་ཀྱི་ནུས་པ། མང་ཚོགས་ཀྱི་བྱ་བའི་ནུས་པ། དོན་འཁྱོལ་བྱེད་པའི་ནུས་པ་བཅས་ཇེ་དྲག་ཏུ་གཏོང་བ་དང་། གནད་དོན་ལ་ཐད་ཀར་དུ་གདོང་གཏད་ནས། དོན་དག་སྒྲུབ་འདོད་པ་དང་། དོན་དག་སྒྲུབ་ཐུབ་པ། དོན་དག་སྒྲུབ་ན་འགྲུབ་པ་བཅས་བྱས་ཏེ། རྒྱུན་མ་ཆད་པར་གནད་དོན་ཐག་གཅོད་དང་དཀའ་གནད་ཁྱད་སེལ་བྱེད་དགོས་ཞེས་ནན་གྱིས་བསྟན།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་བླངས་པ་དང་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་བྱུང་ཡོད། དེའི་ཁྲོད་དུ་ཆེས་གལ་ཆེ་བའི་ཉམས་མྱོང་ཞིག་ནི་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། དངོས་ཡོད་གནད་དོན་ཐག་གཅོད་རྒྱུ་ནི་བྱ་བའི་རྣམ་པ་གསར་བ་བསྐྲུན་པའི་བརྒལ་གཏོར་བྱེད་སར་བརྩིས་པ་དེ་ཡིན། དེང་སྐབས་ཀྱི་འཛམ་གླིང་འདི་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོར་འཕྲད་ཡོད་ལ། ཕྱིའི་ཁོར་ཡུག་ལ་གཏན་འཇགས་མིན་པ་དང་ངེས་གཏན་མེད་པའི་རང་བཞིན་སྔར་ལས་མང་པོ་བྱུང་ཡོད། སང་ལོར་ང་ཚོ་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་སྐབས་སུ་བསྐྱོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་པ་འབྱེད་རྒྱུ་རེད། འཕེལ་རྒྱས་ཀྱི་དུས་རིམ་གསར་པར་བསྐྱོད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་བཅས་བྱེད་ན། ཐག་གཅོད་བྱེད་དགོས་པའི་གནད་དོན་སྔར་ལས་ཇེ་མང་དང་སྔར་ལས་རྙོག་འཛིང་དུ་འགྱུར་ངེས། རང་རྒྱལ་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་ཕྱོགས་མང་པོའི་ཁྱད་སྟོབས་དང་ཆ་རྐྱེན་ལྡན་ནའང་། འཕེལ་རྒྱས་དོ་མཉམ་པ་དང་ཕུན་སུམ་མི་ཚོགས་པའི་གནད་དོན་སྔར་བཞིན་འབུར་དུ་ཐོན་ངེས་ལ། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་གྱི་འཐབ་རྩོད་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་བླངས་ཡོད་ནའང་། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་ཏེ་འགྲུབ་པར་བྱེད་པ་དང་། དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་ཏེ། གཏན་འཇགས་དྲུག་གི་བྱ་བ་ཏན་ཏིག་གིས་བཟང་བོར་སྒྲུབ་པ་དང་། འགན་སྲུང་དྲུག་གི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཕྱོགས་ཡོངས་ཀྱི་རྒྱལ་ཁ་ལེན་དགོས་ན་ད་དུང་བསྟུད་མར་འབད་བརྩོན་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ན་གཞོན་ལས་བྱེད་པས་ཆབ་སྲིད་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས། ལས་བྱེད་པས་བྱ་བ་བཟང་བོར་སྒྲུབ་པར་མཁོ་བའི་ནུས་པ་སྣ་ཚོགས་ཀྱི་ཁྲོད་དུ། ཆབ་སྲིད་ནུས་པ་ནི་ཨང་དང་པོ་ཡིན། ཆབ་སྲིད་ནུས་པ་ཆེན་པོ་ལྡན་ཚེ། ད་གཟོད་རང་རྟོགས་ཀྱིས་བསམ་བློ་དང་སྦྱོར་བའི་སྟེང་ནས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་བྱེད་ཐུབ་ལ། དུས་ནམ་ཞིག་དང་གནས་ཅི་འདྲའི་འོག་ཏུ་ཡང་ཚུལ་མིན་བྱ་བས་མིག་ཟུང་སྒྲིབ་པར་སྐྲག་མི་དགོས་ལ་ཟང་ཟིང་གནས་བབ་ཀྱི་ཁྲོད་དུ་སྒམ་བརླིང་ལྡན་ངེས། ཆབ་སྲིད་ཀྱི་ནུས་པ་ཇེ་ཆེར་གཏོང་ན། ཐོག་མར་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བཟུང་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་དགོས། གནད་དོན་འདིའི་སྟེང་ནས་མགོ་འཐོམ་དང་གཡོ་འགུལ་ཅི་ཡང་འབྱུང་མི་རུང་། པྲོག་གསར་གློ་ཚད་རིམས་ནད་འགོག་རྒོལ་འཐབ་རྩོད་ཀྱི་ལག་ལེན་ལས། ཀྲུང་གོ་གུང་ཁྲན་ཏང་ནི་བར་ཆད་ཀྱི་སྐབས་སུ་ཀྲུང་གོའི་མི་དམངས་ཀྱིས་ཆེས་བློ་གཏོད་ས་ཡིན་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ནི་ཉེན་ཁ་དང་འགྲན་རྩོད་འགོག་པའི་ཆེས་ནུས་ཡོད་ཀྱི་ལམ་ལུགས་ཀྱི་ཁག་ཐེག་ཡིན་པ་ཡང་བསྐྱར་ར་སྤྲོད་བྱུང་ཡོད། ན་གཞོན་ལས་བྱེད་པས་ངེས་པར་དུ་བསྲུང་དགོས་པའི་རྩ་དོན་ཞིག་ནི། ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་པར་ཕན་པའི་དོན་དག་ཡོད་ཚད་བློ་བརྟན་འགྱུར་མེད་ཀྱིས་བསྒྲུབ་རྒྱུ་དང་། ཏང་གི་འགོ་ཁྲིད་དང་རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་རྒྱུན་འཁྱོངས་བྱེད་པར་གནོད་པའི་དོན་དག་ཐམས་ཅད་གཏན་ནས་མི་བསྒྲུབ་རྒྱུ་དེ་ཡིན། ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་དང་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་རྒྱུན་མ་ཆད་པར་ཇེ་ཆེར་བཏང་ནས། གནས་བབ་ལ་ལྟ་ཞིབ་དབྱེ་ཞིབ་བྱེད་ན་ཐོག་མར་ཆབ་སྲིད་ཀྱི་རྒྱུ་རྐྱེན་སེམས་ལ་ངེས་པར་བྱེད་དགོས་པ་དང་། ལྷག་པར་དུ་ཕྱི་ཚུལ་ལས་བརྒལ་ནས་ངོ་བོར་བརྟག་ཤེས་པར་བྱས་ཏེ། མཐོང་བ་གསལ་བ་དང་ཤེས་པ་སྔ་བ། སྒྲུབ་པ་མགྱོགས་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་ནུས་པ་ཇེ་ཆེར་གཏོང་ན་ངེས་པར་དུ་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ལ་གུས་ཤིང་སྐྲག་པའི་སེམས་དགོས། རང་རྟོགས་ཀྱིས་ཆབ་སྲིད་སྦྱོང་བརྡར་ལ་ཤུགས་སྣོན་པ་དང་། ཆབ་སྲིད་རང་སྡོམ་གྱི་ནུས་པ་ཇེ་ཆེར་བཏང་ནས། དུས་ནམ་ཡང་ཆབ་སྲིད་ཀྱི་སྟེང་ནས་མི་གྲུང་པོ་དང་མི་དྲང་པོ་ཞིག་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་གཞུང་ལུགས་ཆུ་ཚད་ཇེ་མཐོར་གཏོང་བར་གཙིགས་འཛིན་བྱས་ཏེ། རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཟབ་མོར་བསླབ་ནས་གོ་བ་གསལ་པོ་ལེན་པ་དང་། དེའི་ཁྲོད་དུ་འདུ་བའི་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། ཐབས་ལམ་བཅས་ཤེས་པར་བྱེད་པ། ཀྲུང་གོ་ཅན་གྱི་མར་ཁེ་སི་རིང་ལུགས་ཤེས་པར་བྱས་ནས། མར་ཁེ་སི་རིང་ལུགས་ཀྱི་དད་མོས་པ་བརྟན་པོ་དང་ལག་ལེན་པ་གཞུང་དྲང་ཞིག་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ན་གཞོན་ལས་བྱེད་པས་རྟོག་དཔྱོད་ཞིབ་འཇུག་གི་ནུས་པ་ཇེ་ཆེར་གཏོང་དགོས། རྟོག་དཔྱོད་ཞིབ་འཇུག་ནི་བྱ་བ་བཟང་བོར་སྒྲུབ་པའི་རྩ་བའི་ནུས་རྩལ་ཡིན་པས། ངེས་པར་དུ་རྟོག་དཔྱོད་ཞིབ་འཇུག་བྱེད་ཤེས་དགོས་ལ། རྟོག་དཔྱོད་ཞིབ་འཇུག་ཁྲོད་ནས་བྱ་བའི་ནུས་པ་ཇེ་ཆེར་གཏོང་དགོས། རྟོག་དཔྱོད་ཞིབ་འཇུག་དེ་རྒྱུན་གཏན་ཅན་དུ་གཏོང་དགོས། མང་ཚོགས་ཀྱི་ཁྲོད་དུ་འགྲོ་རྒྱུ་དང་ལག་ལེན་གྱི་ཁྲོད་དུ་ཞུགས་རྒྱུ་རྒྱུན་འཁྱོངས་བྱས་ནས། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་འདོད་བློ་དང་རེ་སྒུག་ལ་ཞིབ་མོར་ཉན་ཏེ། གནས་ཚུལ་དངོས་ལ་རྒྱུས་ལོན་བྱེད་དགོས་པ་ལས། ཕྱི་ཡི་ཉམས་ཙམ་སྟོན་པ་དང་། རགས་ལས་བྱེད་པ། རང་རློམ་རང་འདོད། གཅིག་དཔེ་བརྒྱ་འགེབས་བཅས་བྱེད་མི་རུང་། རྟོག་དཔྱོད་ཞིབ་འཇུག་ལས་ཐོབ་པའི་རྒྱུ་ཆ་དང་གནས་ཚུལ་འབོར་ཆེན་ལ་ཞིབ་འཇུག་དབྱེ་ཞིབ་ནན་མོ་བྱས་ཏེ། འདི་ལས་དེ་ཤེས་དང་ཕྱི་ནས་ནང་ཤེས་འབྱུང་བར་བྱེད་དགོས། ཞིབ་འཇུག་གང་ལེགས་བྱས་པ་དང་ཅུང་ཙམ་འཐུས་ཚང་ཡིན་པའི་རྟོག་དཔྱོད་ཞིབ་འཇུག་གི་གྲུབ་འབྲས་དེ་དུས་ལྟར་ཇུས་གཅོད་བཀོད་སྒྲིག་ཏུ་བརྩིས་ནས། བྱེ་བྲག་གི་བྱེད་ཐབས་སུ་བསྒྱུར་དགོས་པ་དང་། ཞིབ་འཇུག་གསལ་བོ་བྱས་མེད་པའི་རྟོག་དཔྱོད་ཞིབ་འཇུག་གི་གྲུབ་འབྲས་དེར་སྔར་ལས་གཏིང་ཟབ་མོས་བསམ་འཆར་ལ་ཉན་ནས་འཐུས་ཚང་དུ་བཏང་རྗེས་ད་གཟོད་ལག་ལེན་དུ་གདབ་དགོས་ཤིང་། བྱེད་ཐབས་སུ་གྱུར་པ་དང་དོན་འཁྱོལ་བྱས་པ་དག་ལ། དུས་ལྟར་རྗེས་སྙེག་དཔྱད་ཞིབ་བྱས་ཏེ་གནས་ཚུལ་ལ་དམིགས་ནས་ལེགས་སྒྲིག་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་གཞོན་ལས་བྱེད་པས་ཚན་རིག་ཇུས་གཅོད་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས། ཚན་རིག་ཇུས་གཅོད་བྱེད་དགོས་ན་ཐོག་མར་འཐབ་ཇུས་ཀྱི་མིག་རྒྱ་ཡོད་དགོས་ལ། མིག་རྒྱ་རིང་ཞིང་བསམ་རྒྱ་ཡངས་དགོས། འགོ་ཁྲིད་ལས་བྱེད་པས་གནད་དོན་ལ་བསམ་གཞིགས་གཏོང་བ་དང་ཇུས་ཐག་གཅོད་ན། ངེས་པར་དུ་རྒྱལ་ཁབ་ཀྱི་ཆེ་ཕྱོགས་སེམས་སུ་ངེས་པར་བྱས་ཏེ། ཟོན་ཆེན་པོ་མང་འདེད་དང་རྩིས་ཆེན་པོ་མང་རྒྱག་བྱེད་དགོས་པ་ལས། ཟོན་ཆུང་ངུ་ཉུང་འདེད་དང་རྩིས་ཆུང་ངུ་ཉུང་རྒྱག་བྱེད་དགོས། ས་ཁུལ་དང་སྡེ་ཁག་གི་བྱ་བ་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་བསམ་ཇུས་ཆེན་པོའི་ཁྲོད་འདྲེས་པར་བྱས་ཏེ། ས་ཁུལ་གཅིག་ལ་གཟི་བརྗིད་བརྩོན་ལེན་བྱས་པས་མི་ཚད། ཡུལ་ཁམས་ཡོངས་ལ་མཚར་སྡུག་ཆེན་པོ་བསྐྲུན་དགོས། ཞིབ་འཇུག་ཟབ་མོ་དང་དབྱེ་ཞིབ་ཆ་ཚང་བྱས་ཏེ། དོན་དག་སྒྲུབ་རིན་ཡོད་མེད་དང་དོན་དངོས་དང་མཐུན་མིན་སོགས་ལ་བལྟས་ནས། བསམ་གཞིགས་ཆ་ཚང་བྱས་ཏེ་ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་དགོས། ཇུས་ཐག་གཅོད་ན་ངེས་པར་དུ་ལག་བསྟར་རང་བཞིན་ལ་ཞིབ་འཇུག་བྱེད་པ་དང་། ཕྱོགས་མང་བོའི་བསམ་འཆར་ལ་ཉན་ནས། ཕྱོགས་བསྡུས་ཀྱིས་བརྡར་གཅོད་དང་ཚན་རིག་གིས་བླང་དོར་བྱས་ཏེ། ཇུས་ཆོད་དེ་དོན་དངོས་གནས་ཚུལ་དང་མཐུན་པར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ན་གཞོན་ལས་བྱེད་པས་བཅོས་སྒྱུར་མཁྲེགས་གཏོར་གྱི་ནུས་པ་ཇེ་ཆེར་གཏོང་དགོས། མ་འོངས་པར་ང་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་བསྒྲུབ་དགོས་པ་དང་། ལྷག་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་དང་། སྤུས་ཚད་མཐོན་པོའི་འཕེལ་རྒྱས་ལ་སྐུལ་འདེད། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བསྐྲུན་པ་བཅས་བྱེད་པའི་ཐད་ནས་མུ་མཐུད་དུ་དུས་རབས་ཀྱི་སྔོན་གྲལ་དུ་བསྐྱོད་དགོས་པས། སྔར་བཞིན་དུ་བཅོས་སྒྱུར་ཕྱོགས་ཡོངས་ནས་ཟབ་སྤེལ་བྱས་ཏེ་སྒུལ་ཤུགས་སྣོན་པ་དང་བརྒལ་གཏོར་བྱེད་དགོས། བཅོས་སྒྱུར་ལ་ངེས་པར་དུ་བློ་སྤོབས་དང་ཆོད་སེམས་དགོས་པ་དང་། དཀའ་ཁག་ཅི་ཙམ་ཆེ་ན་དེ་ཙམ་གྱིས་མདུན་སྐྱོད་བྱེད་པའི་བློ་སྤོབས་བརྟན་པོ་དགོས། ལས་སྒྲུབ་ཀྱི་སྤྲོ་སེམས་དང་ཚན་རིག་གི་སྙིང་སྟོབས་གཉིས་ཟུང་སྦྲེལ་བྱས་ཏེ། གཏན་ལ་ཕབ་པའི་བཅོས་སྒྱུར་གྱི་བྱེད་ཐབས་སྣ་ཚོགས་ཕྱི་རོལ་ཡུལ་གྱི་ཆོས་ཉིད་དང་། བྱ་བའི་དགོས་མཁོ། མང་ཚོགས་ཀྱི་ཁེ་ཕན་བཅས་ལ་མཐུན་པར་བྱེད་དགོས། བཅོས་སྒྱུར་མཁྲེགས་གཏོར་ལ་ཡང་དག་པའི་ཐབས་ཤེས་ཡོད་དགོས་པས། གསར་གཏོད་ཀྱི་བསམ་གཞིགས་རྒྱུན་འཁྱོངས་ཀྱིས་གནད་དོན་གྱི་རྗེས་སུ་སྙེག་པ་དང་གནད་དོན་གྱི་ཕྱོགས་སུ་དམིགས་ཏེ། ཡག་དག་པར་འགྱུར་ལྡོག་ཤེས་པ་དང་། ཚན་རིག་ལྟར་འགྱུར་ལྡོག་ལ་ཁ་གཏད་འཇལ་བ། རང་འགུལ་གྱིས་འགྱུར་ལྡོག་ལ་བརྩོན་པ་བཅས་བྱས་ཏེ། ཆོས་ཉིད་ཤེས་པའི་རྨང་གཞིའི་སྟེང་བསྒྱུར་བཅོས་ཀྱི་གསར་སྐྲུན་མངོན་འགྱུར་བྱེད་དགོས། མང་ཚོགས་ཀྱི་གསར་གཏོད་སྙིང་སྟོབས་ལ་བརྩི་བཀུར་བྱས་ཏེ། སྟེང་རིམ་ཇུས་འགོད་ལ་ཤུགས་སྣོན་པ་དང་མི་དམངས་ལ་ཇུས་འདྲི་བ་གཉིས་གཅིག་གྱུར་བྱས་ནས། གསོན་ཉམས་ལྡན་པའི་གཞི་རིམ་གྱི་ལག་ལེན་ཁྲོད་ནས་བློ་གྲོས་བསྡུ་ལེན་བྱེད་དགོས། མ་ལག་རང་བཞིན་དང་སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཇེ་དྲག་ཏུ་གཏོང་བར་གཙིགས་འཛིན་བྱས་ཏེ། བཅོས་སྒྱུར་གྱི་བྱེད་ཐབས་སྣ་ཚོགས་ཕན་ཚུན་གཞོགས་འདེགས་དང་ཕན་ཚུན་ཡར་སྐུལ་ཡོང་བར་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་གཞོན་ལས་བྱེད་པས་འཕྲལ་བསྟུན་བབ་གཅོད་ཀྱི་ནུས་པ་ཇེ་ཆེར་གཏོང་དགོས། ཉེན་ཁར་སྔོན་དཔག་བྱེད་པ་ནི་ཉེན་ཁ་འགོག་པའི་སྔོན་འགྲོ་ཡིན་ལ། ཉེན་ཁའི་ཁ་ཕྱོགས་ངེས་པར་བྱེད་པ་ནི་འཐབ་ཇུས་རང་འགུལ་དང་ལེན་བྱེད་པའི་གནད་འགག་ཡིན། ཉེན་ཁའི་འདུ་ཤེས་ཇེ་དྲག་ཏུ་བཏང་སྟེ། ཇུས་གཞི་སྔོན་ལ་བཟང་བོར་འགོད་པ་དང་རང་འགུལ་འཐབ་འཛིང་བཟང་བོར་སྤེལ་ནས། དུས་ངེས་མེད་དུ་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་བའི་གྲ་སྒྲིག་བཟང་བོ་བྱེད་དགོས། རང་གིས་སྒྲུབ་པའི་བྱ་བའི་ཁྱབ་ཁོངས་ཀྱི་བྱང་ཆ་ཅན་དུ་འགྱུར་བར་འབད་བརྩོན་བྱས་ཏེ། འཕྲལ་བསྟུན་བབ་གཅོད་ཀྱི་མཐོང་རྒྱ་དང་སྤོབས་པ་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་དགོས་ལ། འབྱུང་སྲིད་པའི་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལ་གསལ་ཆ་ཡོད་པ་དང་རིགས་བགར་ཇུས་བསྟར། གནད་འཁེལ་ཁ་གཏད་བཅས་བྱས་ནས། ནུས་ལྡན་ངང་གནས་བབ་ལ་ཚོད་འཛིན་དང་ཉེན་ཁ་ཐག་གཅོད་བྱེད་དགོས། ཉེན་ཁར་ཁ་གཏད་འཇལ་བའི་ལག་ལེན་ལ་ཟུང་སྦྲེལ་བྱས་ཏེ། བྱ་བ་དང་རྐྱེན་སྲོལ་སྒྲིག་སྲོལ་ཐད་ཀྱི་མི་འདང་ས་བཙལ་ནས། དུས་ལྟར་འཐུས་ཚང་དུ་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ན་གཞོན་ལས་བྱེད་པས་མང་ཚོགས་བྱ་བའི་ནུས་པ་ཇེ་ཆེར་གཏོང་དགོས། མང་ཚོགས་ཀྱི་ཁྲོད་ནས་ཡོང་བ་དང་མང་ཚོགས་ཀྱི་ཁྲོད་དུ་འགྲོ་བ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ལ་བློ་ཉེ་བའི་མི་ངོ་མ་ཞིག་བྱེད་དགོས། སེམས་ནང་དུ་མང་ཚོགས་ཡོད་པར་བྱེད་པ་དང་། རྟག་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་སུ་བཞག་སྟེ། ཏང་ཀྲུང་དབྱང་གི་དམངས་ཕན་སྲིད་ཇུས་སྣ་ཚོགས་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། དོན་ཆུང་དོན་ཆེན་དུ་བརྩིས་ནས་བསྒྲུབ་སྟེ། མང་ཚོགས་ཀྱིས་རེ་སྒུག་བྱེད་པའི་གནད་དོན་དངོས་སུ་ཐག་གཅོད་དགོས། ཏང་ཀྲུང་དབྱང་གི་མི་དམངས་ཡོངས་ཀྱི་ཐུན་མོང་འབྱོར་ཕྱུག་རིམ་བཞིན་མངོན་འགྱུར་བྱེད་པའི་བླང་བྱ་དོན་འཁྱོལ་བྱས་ཏེ། མང་ཚོགས་ཀྱི་སྣེ་ཁྲིད་དེ་དཀའ་སྤྱད་འབད་འཐབ་དང་། ལས་བརྩོན་ཕྱུག་འགྱུར་བྱས་ནས། ཡོང་སྒོ་དང་ལས་ཞུགས། སློབ་གསོ། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འགན་སྲུང་། སྨན་རྫས་འཕྲོད་བསྟེན། སྡོད་ཁང་སོགས་ཕྱོགས་ནས་གྲུབ་འབྲས་ངོ་མ་རྒྱུན་མ་ཆད་པར་ལེན་དགོས། མང་ཚོགས་ལ་དྲིལ་སྒྲོག་བྱེད་པ་དང་མང་ཚོགས་ལ་སློབ་གསོ་གཏོང་རྒྱུར་གཙིགས་འཛིན་བྱས་ཏེ། མང་ཚོགས་ཀྱི་ལྟ་འདོད་པ་དང་ཉན་སྤྲོ་བ། དང་ལེན་བྱེད་སླ་བ་བཅས་ཀྱི་ཐབས་བཀོལ་ནས་བྱ་བ་སྒྲུབ་དགོས་ལ། མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་ཇེ་མཐོར་བཏང་ནས་ཁོ་ཚོར་སྤྲོ་སེམས་ཡོད་པར་བྱེད་པ་དང་འགུལ་སྐྱོད་བྱེད་དུ་འཇུག་དགོས། རང་རྟོགས་ཀྱིས་ཁྲིམས་སྐྱོང་བསམ་གཞིགས་དང་ཁྲིམས་སྐྱོང་ཐབས་ཤེས་བཀོལ་ནས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་བ་སེལ་བ་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་འདྲ་མཉམ་དྲང་གཞག་ལ་སྲུང་སྐྱོབ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ན་གཞོན་ལས་བྱེད་པས་དོན་འཁྱོལ་བྱེད་པའི་ནུས་པ་ཇེ་ཆེར་གཏོང་དགོས། ལས་དོན་སྒྲུབ་པར་ཕྱི་ཚུལ་ཙམ་སྟོན་མི་རུང་བར། ངེས་པར་དུ་ཏན་ཏན་ཏིག་ཏིག་བྱེད་དགོས་པ་དང་། བྱ་བ་དོན་འཁྱོལ་བྱེད་པར་གོང་དཔེ་འོག་སྟོན་དང་དངོས་འཛིན་བདེན་སྒྲུབ་བྱེད་དགོས། ལྷག་པར་དུ་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཚང་མས་སྣེ་ཁྲིད་དེ་ཇུས་གཞི་བཟང་བོར་འགོད་པ་དང་ལམ་ཕྱོགས་གཏན་ཁེལ་གསལ་བོ་བྱེད་པ། ཐབས་ཇུས་གཏན་འབེབས་ཡང་དག་བྱེད་དགོས་པ་ལས་གཞན། ལས་འགན་གཙོ་བོར་དངོས་སུ་བཀོད་སྒྲིག་དང་། གནད་འགག་གི་གོ་རིམ་དངོས་སུ་འཛིན་པ། དོན་འཁྱོལ་གནས་ཚུལ་ལ་དངོས་སུ་ལྟ་ཞིབ་བཅས་བྱེད་དགོས་པ་ལས། གོང་དུ་མཐོན་པོར་བསྡད་ནས་ལག་སྟོང་གཡུགས་མི་རུང་ལ། མིང་ཙམ་འཛིན་པ་ལས་བྱ་བ་མི་སྒྲུབ་པ་བྱེད་མི་རུང་། ལས་དོན་སྒྲུབ་པར་གཟེར་འདེབས་ཀྱི་སྙིང་སྟོབས་དགོས་ལ་བྱས་པའི་རྗེས་དང་དྲུད་པའི་ཤུལ་དགོས་པས། ཏན་ཏན་ཏིག་ཏིག་གིས་མདུན་དུ་སྐྱོད་པ་དང་དོན་དག་རེ་རེ་བཞིན་ནན་གྱིས་སྒྲུབ་ནས། དཀའ་གནད་རྒྱུན་མ་ཆད་པར་སེལ་བ་བརྒྱུད་དེ་བྱ་བའི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ང་ཚོ་མདུན་ལམ་ཆེན་པོ་ཡོད་པའི་དུས་རབས་གསར་བ་རུ་གནས་ཡོད། ན་གཞོན་ལས་བྱེད་པས་ལག་ལེན་ལ་གཞོལ་བ་དང་ལས་འགན་ལྕི་མོ་འཁུར་ནས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་ཧུར་ཐག་གིས་ཞུགས་ཏེ། ཉམས་སད་ཐེག་ཅིང་དོན་དག་བརྒྱུད་དེ་དངོས་སུ་ནུས་པ་སྦྱོང་བརྡར་བྱས་ནས། ནུས་པ་ཆེན་པོར་བརྟེན་ནས་ཀུན་སྤྱོད་མཚོན་པར་བྱེད་པ་དང་ལས་འགན་ལ་ངོ་གནོང་མི་དགོས་པར་བྱེད་དགོས། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ན་གཞོན་ལས་བྱེད་པའི་བསམ་བློའི་བློ་སྦྱོང་དང་ཆབ་སྲིད་སྦྱོང་བརྡར། ལག་ལེན་སྦྱོང་བརྡར། ཆེད་ལས་གསོ་སྦྱོང་བཅས་ལ་ཤུགས་བསྣན་ནས། ན་གཞོན་ལས་བྱེད་པ་གསོ་སྐྱོང་བྱེད་པའི་ཡང་དག་པའི་ཐབས་ལམ་གཏན་ཁེལ་གསལ་བོ་བྱེད་པ་དང་། ལས་བྱེད་པ་གསོ་སྐྱོང་ཁྲོད་ཀྱི་ཕྱི་ཚུལ་རིང་ལུགས་མཐའ་གཅིག་ཏུ་སེལ་ནས། ཁོ་ཚོར་དངོས་ཡོད་གནད་དོན་ཐག་གཅོད་པའི་ནུས་པ་ཇེ་ཆེར་གཏོང་རོགས་བྱེད་དགོས་ལ། ཁོ་ཚོར་དུས་རབས་གསར་བའི་འགན་འཁྲི་དང་ལས་འགན་སྔར་ལས་བཟང་བོར་ཕྲག་ཏུ་ལེན་དུ་འཇུག་དགོས་ཟེར།

ཁྲིན་ཞི་ཡིས་འཛིན་གྲྭ་འགོ་རྩོམ་པའི་མཛད་སྒོར་འགོ་འཛིན་བྱེད་སྐབས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་། རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱས་ནས། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་ཁྲོད་ཧུར་ཐག་གིས་ཞུགས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་བསམ་བློའི་བློ་སྦྱོང་དང་ཆབ་སྲིད་སྦྱོང་བརྡར། ལག་ལེན་སྦྱོང་བརྡར། ཆེད་ལས་གསོ་སྦྱོང་བཅས་ལ་ཤུགས་སྣོན་པ་དང་། དངོས་ཡོད་གནད་དོན་ཐག་གཅོད་པའི་ནུས་པ་རྒྱུན་མ་ཆད་པར་ཇེ་ཆེར་གཏོང་བ། ཐོག་མའི་འགན་འཁྲི་སེམས་ལ་དམ་པོར་འཛིན་པ། ཁག་ཁུར་བྱེད་ཕོད་པ། མཁྲེགས་གཏོར་དཀའ་སེལ་བྱེད་པར་མཁས་པ་བཅས་བྱས་ནས། ཏང་དང་མི་དམངས་ཀྱིས་གནང་བའི་དུས་རབས་ཀྱི་འགན་འཁྲི་ལྕི་མོ་རང་རྟོགས་ཀྱིས་ཕྲག་ཏུ་ལེན་དགོས་ཞེས་བསྟན།

ཏེན་ཞུའེ་ཞང་དང་ཧོང་ཁུན་མེན་སོགས་འཛིན་གྲྭ་ཚོགས་འགོ་རྩོམ་པའི་མཛད་སྒོར་ཞུགས།

ཉིས་སྟོང་ཉི་ཤུ་ལོའི་སྟོན་དུས་སློབ་སྐབས་ཀྱི་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་རྒྱལ་ཁབ་སྲིད་འཛིན་སློབ་གླིང་གི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་མཛད་སྒོར་ཞུགས་པ་དང་། ཀྲུང་དབྱང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་མཛད་སྒོར་ཟུར་ཞུགས་བྱས།

ལོ་ཙཱ་བ། ཕྱུག་ལོ།