རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པ་པེ་ཅིན་ནས་གྲོལ།
2020.10.18 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 26

རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཉིས་པ་ཚེས་བཅུ་བདུན་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་གྲོལ། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་གྲོས་ཚོགས་ལ་འགོ་འཛིན་མཛད། ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་ཆེད་ཁེ་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན་དང་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས། གསར་དུ་བཟོ་བཅོས་བྱས་པའི་ནར་མ་སོན་པའི་མིའི་སྲུང་སྐྱོབ་བཅའ་ཁྲིམས། ཕྱིར་གཏོང་རྩིས་སྤྲོད་དོ་དམ་བཅའ་ཁྲིམས། རྒྱལ་དར་བཅའ་ཁྲིམས་བཅས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན། རྒྱལ་རྟགས་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་སྐོར་གྱི་ཆོད་དོན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་ཀྱི་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འདེམ་བསྐོ་བཅའ་ཁྲིམས་ལ་བཟོ་བཅོས་བྱེད་པའི་ཆོད་དོན་བཅས་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་པཱ་སེར་སྤྱི་ཆིངས་འགོད་མཁན་གྱི་གྲོས་ཚོགས་ཐེངས་བཅུ་བཞི་བའི་གྲོས་ཆོད་ཨང་བཅུ་གཉིས་པ་ནས་པཱ་སེར་སྤྱི་ཆིངས་ཀྱི་ཟུར་གཏོགས་ནང་དོན་གཉིས་པ་དང་བརྒྱད་པ། དགུ་བ་བཅས་ཀྱི་བཟོ་བཅོས་ལ་ཆོག་མཆན་འགོད་པའི་ཆོད་དོན་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་སེ་ཕུའུ་ལུའུ་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིད་སྐྱེལ་ཆིངས་ཡིག་ལ་ཆོག་མཆན་འགོད་པའི་ཆོད་དོན།  ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་པུ་ལི་ཧྲི་རྒྱལ་བོའི་རྒྱལ་ཁབ་ཀྱི་ཁྲིད་སྐྱེལ་ཆིངས་ཡིག་ལ་ཆོག་མཆན་འགོད་པའི་ཆོད་དོན་བཅས་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ། རྒྱལ་ཡོངས་དམངས་ཆེན་ལྟ་ཞིབ་དང་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་། སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་བཏོན་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་བྱེད་པར་སྤྲོད་པའི་འཐུས་མིས་བཏོན་པའི་གྲོས་གཞི་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་བ་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་འཐུས་མི་ཁ་ཤས་ཀྱི་འཐུས་མིའི་ཐོབ་ཐང་སྐོར་གྱི་སྙན་ཞུ་ལ་གྲོས་འཆམ་བྱུང་། 

ཚོགས་ཐོག་ནས་ད་དུང་བརྡས་ཐག་གཅོད་པའི་བྱེད་ཐབས་སྤྱད་དེ་མི་སྣ་བསྐོ་འཐེན་གྲོས་གཞི་གཞན་དག་ལ་གྲོས་འཆམ་བྱུང་།

ཚོགས་ཐོག་ནས་འབྲེལ་ཡོད་དོན་དག་ཡོངས་འགྲུབ་བྱས་རྗེས། ལིས་ཀྲན་ཧྲུའུ་ཡིས་གསུང་བཤད་གནང་། ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། བཅའ་ཁྲིམས་དེ་དག་ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དེ་ལས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་ཀྲུང་དབྱང་གི་རྒྱལ་སྐྱོང་སྲིད་འཛིན་གྱི་ཆེས་གསར་བའི་རིགས་གཞུང་དང་ལག་ལེན་གྲུབ་འབྲས་མཚོན་པར་བྱས་ཤིང་། འཕེལ་རྒྱས་ཀྱི་དུས་རིམ་གསར་བར་ཞུགས་པ་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཆགས་པའི་རེ་བ་དང་མཐུན་པར་བྱས་པར་ཡོད་པས། འབྲེལ་ཡོད་ལས་ཁུངས་ཀྱིས་ནན་ཏན་སྒོས་རྩ་འཛུགས་དང་ལག་བསྟར་བྱས་ནས་སྤྱི་ཚོགས་ཡོངས་ཀྱི་རང་རྟོགས་འགུལ་སྐྱོད་ཆགས་པར་བྱེད་དགོས་ཟེར།

གྲོས་ཚོགས་གྲོལ་རྗེས། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་འཆད་ཁྲིད་ཐེངས་བཅུ་དགུ་བ་བསྡུས་པ་དང་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་འགོ་འཛིན་མཛད། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཆེ་ཕྱོགས་དཔལ་འབྱོར་ཞིབ་འཇུག་གླིང་གི་ཡོན་ཀྲང་ཝང་ཁྲང་ལིན་གྱིས་ཁ་ཡིག་ལ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་གཏན་འཁེལ་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་གཙོ་བོ་དང་ནུས་པ་གལ་ཆེན། རིན་ཐང་བྲལ་བའི་ཉམས་མྱོང་དང་གྲོས་གཞི་ཞེས་པའི་འཆད་ཁྲིད་གནང་།

ལོ་ཙཱ་བ། བཀྲ་ཤིས་འབུམ།