ཞིང་ཆེན་ཁོར་ཡུག་གནོད་ཐེབས་སྐྱིན་ཚབ་ལམ་ལུགས་བཅོས་བསྒྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་གིས་རྒྱ་སྐྱེད་གྲོས་ཚོགས་བསྡུས།
2020.10.28 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 36

ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་གནོད་ཐེབས་སྐྱིན་ཚབ་ལམ་ལུགས་བཅོས་བསྒྱུར་བྱ་བའི་འགོ་ཁྲིད་ཚན་ཆུང་གི་རྒྱ་སྐྱེད་གྲོས་ཚོགས་ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན་བརྙན་འཕྲིན་ཁ་པར་གྱི་རྣམ་པ་བརྒྱུད་དེ་བསྡུས། ཚོགས་ཐོག་ནས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་གནོད་ཐེབས་སྐྱིན་ཚབ་ལམ་ལུགས་བཅོས་བསྒྱུར་བྱ་བའི་སྐུལ་སྤེལ་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནོད་ཐེབས་སྐྱིན་ཚབ་ལམ་ལུགས་བཅོས་བསྒྱུར་བྱ་བ་སྤེལ་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་ལ། དེའི་ཐད་གནས་པའི་གནད་དོན་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་པ་མ་ཟད། གོ་རིམ་རྗེས་མའི་བྱ་བ་གཙོ་བོ་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ། འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ལིའུ་ཐའོ་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཚོགས་ཐོག་ནས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་གནོད་ཐེབས་སྐྱིན་ཚབ་ལམ་ལུགས་འཛུགས་པ་དང་དེ་འཐུས་ཚང་དུ་གཏོང་བ་ནི་སྐྱེ་ཁམས་དཔལ་ཡོན་ལམ་ལུགས་མ་ལག་འཛུགས་སྐྲུན་གྱི་གྲུབ་ཆ་གལ་ཆེན་ཡིན་ལ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་བཅོས་བསྒྱུར་གྱི་ཇུས་ཆོད་གལ་ཆེན་དང་། ལམ་ལུགས་ཆེས་ནན་མོ་དང་ཁྲིམས་སྐྱོང་ཆེས་དམ་པོས་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ལག་ལེན་གལ་ཆེན་ཡང་ཡིན་པས། སྐྱེ་ཁམས་ཁོར་ཡུག་གནོད་ཐེབས་སྐྱིན་ཚབ་གྱོད་གཞི་བྱེད་ཐབས་སུ་བྱེད་པ་རྒྱུན་འཁྱོངས་བྱེད་པ་དང་། ས་གནས་སྲིད་གཞུང་གི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ། སླར་གསོ་གོ་རིམ་དང་གྲུབ་འབྲས་ཀྱི་ལྟ་སྐུལ་ལ་སྔར་ལས་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་གི་སྐྱེ་ཁམས་ཁོར་ཡུག་ཐད་ཀྱི་ཐོབ་ཚོར་དང་སྐྱིད་སྣང་རྒྱུན་མ་ཆད་པར་མཐོར་འདེགས་གཏོང་དགོས་ཟེར།

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་པ་དང་། འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་བྱེད་པ་དང་གཅིག་གྱུར་མཐུན་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། བཀོད་གཏོང་དང་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་སྣོན་དགོས། གྲོང་ཁྱེར་དང་ཁུལ་སོ་སོའི་སྲིད་གཞུང་གིས་གཙོ་གཞི་འགན་འཁྲི་ལག་བསྟར་ནན་མོ་བྱེད་པ་དང་། རང་འགུལ་གྱི་ཞིབ་འཇུག་བྱས་ནས། བཅོས་བསྒྱུར་གྱི་བྱ་བ་སྣ་ཚོགས་གཏིང་ཟབ་ཏུ་སྤེལ་དགོས། ཁོངས་གཏོགས་སྡེ་ཁག་སོ་སོས་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། བྱ་བའི་མཉམ་ཤུགས་གྲུབ་པར་བྱེད་པ། ས་གནས་ཀྱི་མཛུབ་སྟོན་དང་ཞབས་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་ཁོར་ཡུག་ལ་གནོད་བྱེད་པའི་ཁྲིམས་འགལ་སྤྱོད་ཚུལ་རྩད་གཅོད་པ་དང་སྐྱིན་ཚབ་སྤྲོད་འོས་པར་སྐྱིན་ཚབ་སྤྲོད་པ། དུས་ཐོག་ཏུ་སླར་གསོ་བྱས་ཏེ། གྱོད་གཞིའི་ལག་ལེན་ལ་བརྟེན་ནས་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་པར་སྐུལ་འདེད་གཏོང་དགོས། ལྟ་སྐུལ་ཞིབ་དཔྱད་ལ་ཤུགས་སྣོན་པ་དང་། དཔེ་མཚོན་གྱོད་གཞི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་བ། གསོ་སྦྱོང་དང་བརྗེ་རེས་སློབ་སྦྱོང་ལ་ཤུགས་བསྣན་ནས། རང་ཞིང་གི་སྐྱེ་ཁམས་ཁོར་ཡུག་གནོད་ཐེབས་སྐྱིན་ཚབ་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བར་ཁག་ཐེག་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།