མཱ་ཅི་ཞོ་ཡིས་མཐོ་སྒང་གི་ཉ་རིགས་གསོ་སྤེལ་ལག་རྩལ་ཞིབ་སྤེལ་དང་འདུས་གྲུབ་དཔེ་སྟོན་ལས་གཞི་ལ་རྟོག་ཞིབ་བྱས།
2020.10.28 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 35

ཟླ་བཅུ་བའི་ཚེས་ཉེར་གསུམ་ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞོ་ཡིས་ཚ་རྔ་འགག་གི་མཐོ་སྒང་གི་ཉ་རིགས་གསོ་སྤེལ་ལག་རྩལ་གསར་སྤེལ་དང་འདུས་གྲུབ་དཔེ་སྟོན་ལས་གཞི་ལ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། ཚོང་རྟགས་མིང་གྲགས་ཅན་དུ་བསྒྱུར་བ་དང་ཚད་གཞི་འཐུས་ཚང་དུ་གཏོང་བ་རྒྱུན་འཁྱོངས་བྱས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

མཚོ་སྔོན་མིན་ཙིག་ཚ་རྔ་འགག་སྐྱེ་ཁམས་ཆུ་ཐོག་གསོ་སྤེལ་ཚད་ཡོད་ཀུང་ཟི་རུ། མཱ་ཅི་ཞོ་ཡིས་ཆུ་ཐོག་གསོ་སྤེལ་རྟེན་གཞི་དང་ཐོན་སྐྱེད་འཁོར་ཁང་ལ་ཡུལ་དངོས་ལྟ་ཞིབ་བྱས་ནས། ཚན་རིག་ཞིབ་འཇུག་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་གསར་བར་རྒྱུས་ལོན་གསལ་བོ་བྱས། ཚན་རིག་ཞིབ་འཇུག་གི་བྱ་བ་སྒྲུབ་མཁན་དང་ཁེ་ལས་གྱི་འགན་ཁུར་མི་སྣ་དང་བཞུགས་མོལ་བརྗེ་རེས་བྱེད་སྐབས། མཱ་ཅི་ཞོ་ཡིས་ནན་གྱིས་བསྟན་དོན། ཐོན་ལས་བརྟན་བརླིང་ངང་འཕེལ་རྒྱས་སུ་གཏོང་བ་དང་། རྒྱལ་ཁབ་དང་རང་ཞིང་གི་ལས་རིགས་སྲིད་ཇུས་ལ་ཞིབ་འཇུག་ནན་མོ་བྱེད་པ། གསོ་སྤེལ་མ་དཔེ་བསྒྱུར་བ་དང་ཐོན་རྫས་ལས་སྣོན་ལག་རྩལ་ལ་ཞིབ་འཇུག་ཟབ་མོ་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཆུ་ཚད་སྔར་ལས་མཐོར་འདེགས་གཏོང་དགོས། ཁོར་ཡུག་སྲུང་སྐྱོབ་དང་ཟས་རིགས་བདེ་འཇགས་དམ་འཛིན་བྱེད་པ་དང་། ཁེ་ལས་རྒྱན་མཐུད་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བའི་མཐོ་ཚད་ནས། ཁོར་ཡུག་སྲུང་སྐྱོབ་དང་ཟས་རིགས་བདེ་འཇགས་བྱ་བ་དམ་འཛིན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཁྱད་ཆོས་བསྐྲུན་དགོས། ཚོང་རྟགས་འཛུགས་སྐྲུན་དང་ཐོན་རྫས་དྲིལ་སྒྲོག་བཟང་བོ་བྱེད་པ་དང་། ཚོང་རྟགས་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། ཐོན་རྫས་ཀྱི་དགེ་མཚན་དྲིལ་སྒྲོག་རྒྱ་ཆེར་བྱས་ནས། ཐོན་རྫས་རྒྱལ་ཁབ་ཕྱི་ནང་གི་ཚོང་རར་བཀྲམ་ཐུབ་པར་བྱེད་དགོས། ཚན་རིག་ཞིབ་འཇུག་ལས་གཞི་ལག་བསྟར་ནན་མོ་བྱེད་པ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་སྲིད་ཇུས་དང་ལས་གཞིའི་མ་དངུལ་བཀོལ་སྤྱོད་བཟང་བོ་བྱེད་པ་མ་ཟད། མ་དངུལ་གཏོང་ཕོད་པར་བྱས་ཏེ། དཔུང་སྡེ་འཛུགས་སྐྲུན་བཟང་བོ་བྱེད་པ་དང་ཚན་རིག་ཞིབ་འཇུག་དམ་འཛིན་བྱེད་དགོས། ལོ་ལྔའི་འཆར་གཞི་བཅུ་བཞི་བ་འཆར་འགོད་བཟང་བོ་བྱེད་པ་དང་། ཚོང་རའི་ཞིབ་འཇུག་ལ་ཤུགས་སྣོན་པ། ཉ་རིགས་གསོ་སྤེལ་ཐོན་ལས་འཕེལ་རྒྱས་སུ་གཏོང་བའི་བྱེད་ཐབས་ལ་སྔོན་དུ་འཆར་འགོད་བྱས་ཏེ། སྲིད་གཞུང་གི་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས། མཉམ་ལས་མཐུན་སྦྱོར་དང་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་སློབ་ཞིབ་གསུམ་གྱི་མཉམ་ལས་ལ་ཤུགས་བསྣན་ནས། ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་དང་ལག་རྩལ་རྨང་གཞི། མཉམ་ལས་འཕེལ་རྒྱས་ནུས་པ་སྔར་ལས་མཐོར་འདེགས་གཏོང་དགོས། ཐོན་ལས་དཔུང་སྡེ་གསར་བ་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་འཇོན་མི་དཔུང་སྡེ་རྒྱུན་མཐུད་ངང་འཛུགས་སྐྲུན་བྱས་ཏེ། བཟོ་སྐྲུན་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། འཇོན་མི་སྔར་ལས་མང་པོ་སྐྱེད་སྲིང་བྱེད་དགོས་ཟེར།

ལོ་ཙཱ་བ། རིན་ཆེན་མཚོ།