ཀྲང་ལེ་ཡིས་ཐེངས་གཉིས་པའི་མདོ་དབུས་ཚན་རིག་རྟོག་ཞིབ་མི་སྣར་འཚམས་འདྲི་བྱས། 
2020.10.29 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 41

རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་འཁྱག་རོམ་ལ་ཚན་རིག་རྟོག་ཞིབ་བྱེད་པའི་བྱ་བ་དེ་ཉེ་སྔོན་རྨ་ཆུའི་མགོ་ཁུངས་ས་ཁུལ་ནས་སྤེལ་འགོ་བརྩམས། ཧྲིན་ཀྲང་གཞོན་པ་ཀྲང་ལེ་ཚན་རིག་རྟོག་ཞིབ་རུ་ཁག་གི་སྒར་སར་སོང་སྟེ། ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཚན་རིག་རྟོག་ཞིབ་མི་སྣ་དག་ལ་ཁམས་འདྲི་དང་ཚན་རིག་རྟོག་ཞིབ་བྱ་བར་རྟོག་དཔྱོད་བྱས། ཁོ་མོས་ཤུགས་ཆེན་པོས་ཚན་རིག་པའི་སྙིང་སྟོབས་དར་སྤེལ་དང་རང་འགུལ་གྱིས་རྒྱལ་ཁབ་འཐབ་ཇུས་ནང་ཞུགས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཐེངས་གཉིས་པའི་མདོ་དབུས་ཚན་རིག་རྟོག་ཞིབ་བྱ་བར་ཞབས་འདེགས་བཟང་བོ་ཞུ་བ་དང་། འགན་སྲུང་གང་ལེགས་བྱེད་པ། ཡར་སྐུལ་བྱ་བ་བཟང་བོར་བསྒྲུབ་ནས། མཛེས་སྡུག་གི་མདོ་དབུས་མཐོ་སྒང་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་བྱས་རྗེས་འཇོག་དགོས་པ་ནན་གྱིས་བསྟན། 

ཚན་རིག་རྟོག་ཞིབ་རུ་ཁག་གི་སྒར་སར་སོང་སྟེ་ཀྲང་ལེ་ཡིས་ཚན་རིག་རྟོག་ཞིབ་རུ་ཁག་གི་ཞབས་ཞུའི་འགན་སྲུང་སོགས་གནས་ཚུལ་ལ་ཞིབ་ཏུ་རྒྱུས་ལོན་བྱས་པ་དང་། དཀའ་སྤྱད་འབད་བརྩོན་བྱེད་པའི་ཚན་རིག་རྟོག་ཞིབ་རུ་ཁག་གི་མི་སྣར་སྙིང་ཐག་པ་ནས་བཀའ་དྲིན་ཞུས། ཁོ་མོས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཐེངས་གཉིས་པའི་མདོ་དབུས་ཚན་རིག་རྟོག་ཞིབ་བྱ་བར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཚན་རིག་རྟོག་ཞིབ་བྱ་བར་འགན་སྲུང་དང་ཞབས་ཞུ་གང་ལེགས་བྱེད་པ་ནི་མཚོ་སྔོན་གྱི་ལྡོག་ཏུ་མེད་པའི་འགན་འཁྲི་ཡིན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ནན་ཏན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མདོ་དབུས་ཚན་རིག་རྟོག་ཞིབ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་དངོས་འབེབ་བྱས་ཤིང་། རང་འགུལ་གྱི་འགུལ་སྐྱོད་སྤེལ་བ་དང་ཞབས་ཞུ་གཙོར་འཛིན་པ། རྒྱལ་ཁབ་ཀྱིས་སྐུལ་འདེད་གཏོང་བ་དང་ས་གནས་ཀྱིས་རམ་འདེགས་བྱེད་པ། ལས་རིགས་སོ་སོས་མཉམ་དུ་འབད་འབུངས་བྱེད་པའི་ཚན་རིག་རྟོག་ཞིབ་ཀྱི་འདྲིལ་ཤུགས་ཆགས་པར་བྱས་ནས། ཚན་རིག་རྟོག་ཞིབ་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ཐོབ་པར་སྐུལ་འདེད་གཏོང་དགོས། ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་བེད་སྤྱོད་བྱེད་པ་དང་སྟེགས་བུ་དང་རྟེན་གཞིའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ། སེམས་ཞིབ་མོས་ལས་གཞི་གཙོ་བོར་འཆར་འགོད་བྱེད་པ། ཤུགས་ཆེན་པོས་ཚན་རིག་ཤེས་བྱ་ཁྱབ་གདལ་དུ་གཏོང་བ། ཤེས་ལྡན་མི་སྣའི་གསོ་སྤེལ་ཤུགས་ཚད་ཇེ་ཆེར་གཏོང་བ། འཕེལ་སྟངས་བསྒྱུར་བའི་ཐབས་ལམ་རྒྱ་བསྐྱེད་པ་དང་འཕེལ་སྟངས་བསྒྱུར་བའི་ནུས་པ་ཇེ་མཐོར་བཏང་སྟེ། ཟོལ་མེད་ཀྱིས་ཚན་རིག་རྟོག་ཞིབ་གྲུབ་འབྲས་དེ་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བ་དང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གལ་ཆེན་དུ་འགྱུར་བར་བྱེད་དགོས་ཟེར། འཚམས་འདྲིའི་སྐབས་སུ་ཀྲང་ལེ་དང་ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི། ཐེངས་གཉིས་པའི་མདོ་དབུས་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་གཙོ་ཡའོ་ཐན་ཏུང་གཉིས་ཀྱིས་ཚན་རིག་རྟོག་ཞིབ་རྟེན་གཞིའི་འཛུགས་སྐྲུན་དང་གཞི་གྲངས་ཐོན་ཁུངས་མཉམ་སྤྱོད་སོགས་ཀྱི་ཐད་ནས་བརྗེ་རེས་ཟབ་མོ་བྱས། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།