ཟླ་བཅུ་བའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་སྐབས་ལྔ་བའི་ཚོགས་མིའི་འཐུས་མིའི་ཚོགས་ཆེན་ཐེངས་དང་པོ་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་། ཞིང་ཆེན་སྤྱི་ཚོགས་ཚན་རིག་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་གྲོས་ཚོགས་ལ་ཞུགས།
ཚོགས་ཐོག་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་ཚོགས་མིའི་ཚོགས་ཆེན་ཐེངས་དྲུག་པར་བསྐུར་བའི་རྟེན་འབྲེལ་འཕྲིན་ཡིག་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ། ཀྲུང་གོའི་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་ཝང་ཁྲིན་གྱི་གཏམ་བཤད་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། ཚོགས་གཙོ་སངས་རྒྱས་ཀྱིས་སྐབས་བཞི་བའི་ལས་འཛིན་ལྷན་ཚོགས་ཀྱི་ཚབ་བྱས་ནས་ཕུལ་བའི་བྱ་བའི་སྙན་ཞུ་ལ་ཉན་པ་མ་ཟད། སྒྲིག་ཡིག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྐབས་ལྔ་བའི་ལས་འཛིན་ལྷན་ཚོགས་དང་ལྟ་ཞིབ་ཚོགས་པ་བདམས་ཐོན་བྱུང་། སུའུ་ཉིང་སྐབས་ལྔ་བའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རུ་བདམས།
ཚོགས་ཐོག་ཏུ་ཞིང་ཆེན་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་སྐབས་བཞི་བའི་ལས་འཛིན་གྲོས་ཚོགས་ཚུན་གྱི་བྱ་བར་སྤྱི་སྡོམ་བྱས་པ་དང་། རྗེས་ཕྱོགས་ཀྱི་ལོ་ལྔའི་རིང་གི་ཞིང་ཆེན་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་བྱ་བའི་ལས་འགན་གཙོ་བོ་གཏན་ཁེལ་བྱས། ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་དང་ཨུ་ཡོན་ཀྲང་གཞོན་པ་ཝང་ཁྲིན་གྱི་གཏམ་བཤད་དགོངས་དོན་མཛུབ་ཁྲིད་བྱེད་པ་དང་། ཐོག་མའི་བསམ་བདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཟུང་ནས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལག་བསྟར་བྱེད་པ་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བློ་རིག་དང་སྟོབས་ཤུགས་འབུལ་དགོས་ཟེར། ཡན་ཨན་སྙིང་སྟོབས་དང་མཚོ་སྔོན་གསར་བའི་སྙིང་སྟོབས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། ཏང་ཡོན་ལས་བྱེད་པ་དང་ལྷག་པར་དུ་ན་གཞོན་ལོ་ཆུང་གསར་བརྗེའི་གཞི་རྒྱུད་ཀྱི་བློ་བརྟན་པའི་རྒྱུན་འཛིན་པ་དང་ལག་བསྟར་པ་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱེད་དགོས། བདེན་འཛིན་གསར་གཏོད་བྱེད་པ་དང་། ཉམས་མྱོང་སྤྱི་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བའི་རྨང་གཞི་སྟེང་བྱེད་ཐབས་གསར་བ་དང་ལམ་བུ་གསར་བ་བཏོད་དེ། བྱ་བའི་གྲུབ་འབྲས་མཐོར་འདེགས་གཏོང་དགོས། རིམ་པ་སོ་སོའི་དྲིལ་སྒྲོག་སྡེ་ཁག་གིས་མུ་མཐུད་དུ་ཡན་ཨན་སྙིང་སྟོབས་ཞིབ་འཇུག་ཚོགས་པའི་བྱ་བ་སྣ་ཚོགས་ལ་མུ་མཐུད་དུ་རྒྱབ་སྐྱོར་བྱས་ནས། ནུས་པ་འདོན་སྤེལ་བྱེད་ཆེད་སྟེགས་བུ་འདོན་སྤྲོད་བྱེད་དགོས་ཟེར།
ལོ་ཙཱ་བ། རིན་ཆེན་མཚོ།