ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་མི་སྣའི་མཐོ་རིམ་གྲོས་ཚོགས་ཐེངས་བཅོ་ལྔ་བའི་དུས་རིམ་གཉིས་པའི་གྲོས་ཚོགས་ལ་ཞུགས།
2020.11.23 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 223

ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་ནས་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་མི་སྣའི་མཐོ་རིམ་གྲོས་ཚོགས་ཐེངས་བཅོ་ལྔ་བའི་དུས་རིམ་གཉིས་པའི་གྲོས་ཚོགས་ལ་ཞུགས་ནས། གཙོ་བོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་གནད་དོན་སྐོར་གྱི་ལྟ་སྟངས་གླེང་།


རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་པེ་ཅིན་ནས་བརྙན་རིས་ཀྱི་རྣམ་པ་བརྒྱུད་དེ་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་མི་སྣའི་མཐོ་རིམ་གྲོས་ཚོགས་ཐེངས་བཅོ་ལྔ་བའི་དུས་རིམ་གཉིས་པའི་གྲོས་ཚོགས་ལ་ཞུགས་ནས། གཙོ་བོར་རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏོང་བའི་གནད་དོན་སྐོར་གྱི་ལྟ་སྟངས་གླེང་།

ཞི་ཅིན་ཕིང་གིས་བསྟན་དོན། བཟོད་སྒོམ་རང་བཞིན་དང་རྒྱུན་བསྲིང་། མཉེན་ཆ་ལྡན་པའི་མ་འོངས་པ་འཛུགས་སྐྲུན་བྱེད་ན། འཛམ་གླིང་ཡོངས་ཀྱི་དབུལ་སྐྱོར་ལས་དོན་སྤེལ་རྒྱུ་ཧ་ཅང་གལ་ཆེ། པྲོག་གསར་གློ་ཚད་རིམས་ནད་ཀྱི་གནོད་པར་ཁ་གཏད་དེ། ང་ཚོས་སྔོན་ཆད་ལས་ལྷག་པའི་བྱེད་ཐབས་བཟང་བོ་སྤྱོད་དགོས་ཏེ། གཅིག་ནས་འཕེལ་རྒྱས་གཙོར་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་དགོས། གཉིས་ནས་ཁྱོན་ཡོངས་དོ་མཉམ་གྱི་སྲིད་ཇུས་བྱེད་ཐབས་སྤྱོད་དགོས། གསུམ་ནས་རྒྱལ་སྤྱིའི་དཔལ་འབྱོར་ཁོར་ཡུག་བཟང་བོ་བསྐྲུན་དགོས་ཟེར།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་ལོ་བཅུ་སྔ་སྣུར་སྒོས་དབུལ་ནག་མེད་པར་བྱེད་པའི་དམིགས་འབེན་མངོན་འགྱུར་བྱེད་རྒྱུ་ཡིན་པ་དང་། བཅོས་བསྒྱུར་སྒོ་འབྱེད་སྤེལ་བའི་ལོ་ངོ་བཞི་བཅུའི་རིང་ལ། ཀྲུང་གོའི་མི་དུང་ཕྱུར་བདུན་ལྷག་དབུལ་ཐར་བྱས་པ་དང་། འཛམ་གླིང་གི་དབུལ་ཕོངས་མི་གྲངས་ཇེ་ཉུང་དུ་གཏོང་བའི་ཐད་བྱས་རྗེས་འཇོག་ཚད་བརྒྱ་ཆའི་བདུན་ཅུ་ལས་བརྒལ། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ། དབུལ་ཕོངས་མེད་པར་བྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་གཏོང་བའི་མཛེས་སྡུག་གི་འཛམ་གླིང་འཛུགས་སྐྲུན་བྱེད་འདོད་ཡོད་ཟེར།

ཚོགས་ཞུགས་འགོ་ཁྲིད་མི་སྣས་བསྟན་དོན། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རིམས་ནད་ཀྱི་དཀའ་ངལ་ཁྱད་སེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། དཔལ་འབྱོར་སླར་གསོ་དང་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་བ། གྲངས་ཀའི་བར་ཁྱད་ཇེ་ཆུང་དུ་གཏོང་བ། དབུལ་ཕོངས་མེད་པར་བྱེད་པ། བུད་མེད་དང་ན་གཞོན་རྣམས་ལ་སློབ་གསོ་དང་ལས་ཞུགས་ཀྱི་གོ་སྐབས་སྔར་ལས་མང་པོ་འདོན་སྤྲོད་བྱེད་པ། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱས་ནས། བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། ཐཱན་ཕྱིར་འདོན་ཚད་ཇེ་ཉུང་དུ་གཏོང་བ་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། མཉམ་དུ་ནམ་ཟླའི་འགྱུར་ལྡོག་དང་སྐྱེ་ཁམས་ཁོར་ཡུག་ཇེ་ཞན་དུ་འགྲོ་བ་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་དགོས་ཟེར།

མཐོ་རིམ་གྲོས་ཚོགས་སྟེང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་འགོ་ཁྲིད་མི་སྣའི་ལིས་ཡཱ་ཏི་མཐོ་རིམ་གྲོས་ཚོགས་ཀྱི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་།

ཏིང་ཞུའེ་ཞང་དང་ལིའུ་ཧི། དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥུན་སོགས་གྲོས་ཚོགས་ལ་ཞུགས།

ལོ་ཙཱ་བ། རིན་ཆེན་མཚོ།