ལིས་ཀྲན་ཧྲུའུ་ཡིས་ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པཱ་ནེ་དང་གྲོས་མོལ་མཛད།
2020.11.24 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 46

ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིང་ནས་བརྙན་རིས་ཀྱི་རྣམ་པས་ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པཱ་ནེ་དང་གྲོས་མོལ་མཛད། 


རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚེས་ཉེར་གསུམ་ཉིན་པེ་ཅིང་ནས་བརྙན་རིས་ཀྱི་རྣམ་པས་ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་པཱ་ནེ་དང་གྲོས་མོལ་མཛད། 

ལིས་ཀྲན་ཧྲུའུ་ཡིས་གསུངས་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་པིན་དབྱང་གི་འགོ་ཁྲིད་འོག ཀྲུང་གོ་དང་ལའོ་ཝའོ་ཡི་འབྲེལ་བར་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས་ཡོད། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཀྲུང་གོ་དང་ལའོ་ཝའོ་ཡི་རིམས་འགོག་མཉམ་ལས་ལ་ཤུགས་བསྣན་པ་དང་། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་ཐད་ནས་འཐབ་ཇུས་དང་ཐུན་མོང་ལྟ་ཚུལ་བྱུང་ཡོད། ཀྲུང་གོ་དང་ལའོ་ཝའོ་ཡིས་རིམས་ནད་འགོག་རྒོལ་ཁྲོད་ཕན་ཚུན་རོགས་འདེགས་དང་དཀའ་སྡུག་མཉམ་མྱོང་བྱས་ཏེ། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་གྱི་མཛའ་བཤེས་ཟབ་མོ་མངོན་པར་མཚོན་ཡོད། སང་ལོ་ནི་ཀྲུང་གོ་དང་ལའོ་ཝའོ་བར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་ལོ་དང་ཀྲུང་གོ་དང་ལའོ་ཝའོ་ཡི་མཛའ་མཐུན་ལོ་ཡིན་པས། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཐད་གོ་སྐབས་གལ་ཆེན་ཐོབ་སྲིད། ཀྲུང་གོའི་ཕྱོགས་ཀྱིས་ལའོ་ཝའོ་དང་མཉམ་དུ། ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་ཐུན་མོང་ཚོགས་པ་འཛུགས་པའི་འགུལ་སྐྱོད་འཆར་གཞི་དངོས་འབེབས་དང་། འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་སྣོན་པ། དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། མི་གཞུང་བརྗེ་རེས་ལ་ཡར་སྐུལ་བཏང་ནས་ཕྱོགས་མང་མཐུན་སྦྱོར་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར། 

ལིས་ཀྲན་ཧྲུའུ་ཡིས་ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཐུན་མོང་ལྟ་ཚུལ་གལ་ཆེན་དངོས་འབེབ་བྱེད་པའི་ཕྱོགས་ནས་གྲོས་གཞི་བཞི་བཏོན། གཅིག་ནས་ཕྱོགས་གཉིས་ཀྱིས་བབ་བསྟུན་བྱེད་ཐབས་ལ་བརྟེན་ནས་མཐོ་རིམ་འགྲོ་འོང་གི་རྣམ་པ་བཟང་བོ་སྲུང་འཛིན་བྱེད་པ་དང་། ཀྲུང་གོ་དང་ལའོ་ཝའོ་ཡི་འབྲེལ་བའི་ཆབ་སྲིད་སྣེ་ཁྲིད་ལ་ཤུགས་སྣོན་དགོས། གཉིས་ནས་ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་ལའོ་ཝའོ་ཡི་དཔལ་འབྱོར་བར་ཁྱམས་གཙོར་བཟུང་སྟེ། འཕེལ་རྒྱས་ཐབས་ཇུས་ཀྱི་སྦྲེལ་མཐུད་དང་རྒྱུད་གཅིག་ལམ་གཅིག་གི་མཉམ་ལས་ལ་ཤུགས་སྣོན་དགོས། གསུམ་ནས་ཀྲུང་གོའི་ཕྱོགས་ཀྱིས་ལའོ་ཝའོ་ཡིས་དམངས་ཚིས་ལེགས་བཅོས་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྤྱི་བའི་འཕྲོད་བསྟེན་མཉམ་ལས་ལ་ཤུགས་སྣོན་དགོས། བཞི་ནས་ཕྱོགས་གཉིས་ཀྱིས་སང་ལོར་འབྲེལ་བ་བཙུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་ལོ་དང་ཀྲུང་གོ་དང་ལའོ་ཝའོ་ཡི་མཛའ་མཐུན་ལོའི་དགའ་སྟོན་རྟེན་འབྲེལ་གྱི་བྱ་འགུལ་རབ་དང་རིམ་པར་ཇུས་འགོད་དང་གྲ་སྒྲིག་བྱེད་པ་དང་། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་དང་སློབ་གསོ། ན་གཞོན་བརྗེ་རེས་བཅས་ཀྱི་མཉམ་ལས་རྣམ་གྲངས་སྐོར་ཞིག་ལ་འཆར་འགོད་བྱས་ནས། རྒྱུན་ཆད་མེད་པར་ཀྲུང་གོ་དང་ལའོ་ཝའོ་ཡི་ལས་སྐལ་ཐུན་མོང་ཚོགས་པའི་མི་གཞུང་ནང་བཅུད་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། 

ལིས་ཀྲན་ཧྲུའུ་ཡིས་གསུངས་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ལའོ་ཝའོ་རྒྱལ་ཚོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། སྔར་ལས་ལྷག་པའི་སྒོག་ནས་ཁྲིམས་འཛུགས་ལས་ཁུངས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་པ་དང་། མཛའ་མཐུན་འགྲོ་འོང་གི་ཐབས་ལམ་རྒྱ་བསྐྱེད་ནས། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་ཀྱི་ཁ་གཏད་འགྲོ་འོང་ལ་ཡར་སྐུལ་གཏོང་དགོས། ཕྱོགས་མང་གྲོས་ཁང་རྐྱེན་སྲོལ་ཁྲོད་ཀྱི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཟེར། 

ལིས་ཀྲན་ཧྲུའུ་ཡིས་ད་རུང་ཀྲུང་གོའི་རིམས་འགོག་ཐད་ནས་བླངས་པའི་འཐབ་ཇུས་གྲུབ་འབྲས་གལ་ཆེན་དང་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་གྲོས་ཚོགས་བཅས་ཀྱི་གནས་ཚུལ་མཚམས་སྦྱོར་མཛད། 

པཱ་ནེ་ཡིས་བཤད་རྒྱུར། ཀྲུང་གོ་ནི་རིམས་འགོག་གི་མིག་དཔེ་ལྟ་བུ་ཡིན་པའི་ཆ་ནས། དུས་ལྟར་རྒྱལ་སྤྱིའི་སྤྱི་ཚོགས་ལ་རིམས་འགོག་ཉམས་མྱོང་མཉམ་སྤྱོད་དང་རོགས་རམ་འདོན་སྤྲོད་བྱས་ཏེ། དོན་དངོས་བྱ་སྤྱོད་ལས་མིའི་རིགས་ཀྱི་ལས་སྐལ་ཐུན་མོང་ཚོགས་པའི་འདུ་ཤེས་ལག་ལེན་དུ་བསྟར་ཡོད། ལའོ་ཝའོ་ཕྱོགས་ཀྱིས་ཀྲུང་གོའི་བློ་མཐུན་གྱི་རྒྱལ་སྐྱོང་སྲིད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དབུལ་ཐར་མཁྲེགས་གཏོར་སོགས་ཐད་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་ལས་ཁུངས་བར་གྱི་བརྗེ་རེས་མཉམ་ལས་ལ་ཤུགས་བསྣན་ཏེ། ལའོ་ཝའོ་དང་ཀྲུང་གོའི་མཛའ་མཐུན་ལས་དོན་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར། 

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧྲིན་ཡའོ་ཡའོ་གྲོས་མོལ་ལ་ཞུགས། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།