ཧན་ཀྲིན་དང་ཨུ་རུ་སིའི་ཙུང་ལི་གཞོན་པ་ནའོ་བ་ཁི་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁོངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པར་འགོ་འཛིན་མཛད།
2020.11.26 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 12

ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁོངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་ཀྲུང་གོ་ཕྱོགས་ཀྱི་ཀྲུའུ་ཞི་ཧན་ཀྲིན་གྱིས་པེ་ཅིན་ནས་ཨུ་རུ་སིའི་ཙུང་ལི་གཞོན་པ། ཨུ་ཡོན་ལྷན་ཁང་གི་ཨུ་རུ་སི་ཕྱོགས་ཀྱི་ཀྲུའུ་ཞི་ནའོ་བ་ཁི་དང་མཉམ་དུ་བརྙན་རིས་ཀྱི་རྣམ་པར་བརྟེན་ནས་ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁོངས་མཉམ་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བདུན་པར་འགོ་འཛིན་མཛད།

ཧན་ཀྲིན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིན་རྣམ་གཉིས་ཀྱིས་དངོས་སུ་ཡིད་འཇོག་དང་སྐུལ་འདེད་བཏང་འོག ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁོངས་མཉམ་ལས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཧུར་ཐག་འཕེལ་རྒྱས་ཀྱི་རྣམ་པ་བཟང་བོ་སྲུང་འཛིན་བྱས། པྲོག་གསར་གློ་ཚད་རིམས་ནད་འཛམ་གླིང་ཡོངས་སུ་རྒྱ་ཡན་དུ་འགྲོ་བ་དང་འཛམ་གླིང་གི་དཔལ་འབྱོར་ཉམས་ཞན་དུ་འགྲོ་བའི་ཛ་དྲག་འགྲན་རྩོད་ཀྱི་མདུན་དུ་རྒྱལ་ཁབ་གཉིས་ཀྱི་ནུས་ཁོངས་མཉམ་ལས་ཐད་ནས་ཤུགས་ཆེ་བའི་མཉེན་ཆ་དང་ཚེ་སྲོག་ནུས་ཤུགས་མངོན་པར་བྱས་བྱས་ཤིང་། ནུས་ཁུངས་ཉོ་ཚོང་ཚད་མཐོན་པོའི་འཕར་སྣོན་བྱུང་བ་དང་། མཉམ་ལས་ལས་གཞི་གལ་ཆེན་བརྟན་བརླིང་སྒོས་ལག་བསྟར་བྱས་པས།  མཉམ་ལས་ཀྱི་གྲུབ་འབྲས་གསར་བ་གང་མང་ཐོབ། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་དུས་རབས་གསར་བའི་ཀྲུང་གོ་དང་ཨུ་རུ་སིའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བས་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ཀྲུང་གོ་དང་ཨུ་རུ་སིའི་ནུས་ཁོངས་མཉམ་ལས་ཇེ་མང་དུ་འགྲོ་བར་སྐུལ་འདེད་བཏང་ནས། དངོས་གཉེར་གྲུབ་འབྲས་གང་མང་ཐོབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ནའོ་བ་ཁི་ཡིས་བཤད་དོན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱེད་པ་དང་། ནུས་ཁོངས་ཁྱབ་ཁོངས་དང་བཅས་པའི་ཕྱོགས་ཡོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ལོ་ཙཱ་བ། བཀྲ་ཤིས་འབུམ།