རྒྱལ་ཡོངས་སྲིད་གྲོས་ཀྱིས་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས།
2021.01.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 386


ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་ནས་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། 

ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་ནས་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས་པ་དང་། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་ཇ་སྟོན་ཚོགས་འདུར་ཞུགས། 


ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་སྔ་དྲོར་རྒྱལ་ཡོངས་སྲིད་གྲོས་ཚོམས་ཁང་ནས་ལོ་སར་གྱི་ཇ་སྟོན་ཚོགས་འདུ་བསྡུས། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་ལིས་ཁི་ཆང་། ལིས་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། ཝང་ཆི་ཧྲན་སོགས་དང་དམངས་གཙོ་ཏང་ཁག་སོ་སོའི་ཀྲུང་དབྱང་དང་རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བ་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བ། དེ་མིན་རྒྱལ་སའི་རིགས་སོ་སོ་དང་ལས་རིགས་སོ་སོའི་མི་སྣའི་འཐུས་མི་བཅས་མཉམ་འཛོམས་བྱས་ཏེ་ཉིས་སྟོང་ཉེར་གཅིག་ལོའི་ལུགས་གསར་ལོ་སར་ལ་བསུ་མ་བྱས།

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཇ་སྟོན་ཚོགས་འདུའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། མི་འགྱངས་པར་ཐོན་ལ་ཡོད་པའི་ཉིས་སྟོང་ཉེར་གཅིག་ལོར་ང་ཚོས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་བ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་བ་གཏན་འཁེལ་དང་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བ་འབྱེད་རྒྱུ་ཡིན་པས། ང་ཚོས་ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ། རྒྱལ་ཁབ་སྟོབས་ལྡན། མི་དམངས་བདེ་སྐྱིད་ཡོང་བའི་ཐད་ལ་འབད་འཐབ་བྱས་པའི་ལོ་བརྒྱའི་དཀའ་ཚེགས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཡིད་ལ་དམ་པོར་བཅངས་དགོས་པ་དང་། དམངས་དོན་དུ་ཞབས་ཞུ་བཟང་བོ་བསྒྲུབས་ཤིང་གསར་སྐྲུན་འཕེལ་རྒྱས་ཐད་ལ་ནུས་ཤུགས་གང་ཡོད་བཏོན་པ་དང་དཀའ་སྤྱད་འབད་བརྩོན་བྱས་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ། ནམ་ཡང་གཟབ་ནན་བྱེད་པ་དང་ང་རྒྱལ་དང་འཚབ་འཚུབ་སྤང་བའི་ལངས་ཕྱོགས་བརྟན་པོ་སྲུང་འཛིན་བྱེད་པ་དང་། དཀའ་ཚེགས་ལ་མི་སྐྲག་པ་དང་གསར་གཏོད་བརྩོན་ལེན་བྱེད་པའི་འབད་འཐབ་ཀྱི་སེམས་ཤུགས་བརྟན་པོ་སྲུང་འཛིན་བྱེད་དགོས་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བའི་སྟེང་དུ་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པ་དང་། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་རྟེན་འབྲེལ་ཞུ་དགོས།

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་དམངས་གཙོ་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ། རྒྱལ་ཡོངས་ཀྱི་རྒྱ་ཆེའི་བཟོ་བ་དང་ཞིང་བ། ཤེས་ཡོན་ཅན། ལས་བྱེད་པ། ལས་རིགས་སོ་སོའི་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེ་ཉེན་རྟོག་པ། མེ་གསོད་རྒུད་སྐྱོབ་དཔུང་སྡེའི་བཀོད་འཐབ་པ། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྤུན་ཟླ། ཐེ་ཝན་སྤུན་ཟླ། ཕྱི་སྡོད་རང་མི། ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་རྒྱལ་ཁབ་སོ་སོའི་གྲོགས་པོ་རྣམས་ལ་དུས་ཆེན་གྱི་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས་པ་དང་ཚང་མས་ལོ་སར་སྐྱིད་པོ་ཞིག་རོལ་བར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོར་ཕྱིར་དྲན་བྱས་ན། རྒྱང་སྐྱོད་ཀྱི་ལམ་བུ་ལ་དཀའ་ཚེགས་ཆེ་བ་དང་འབད་འཐབ་ཀྱི་གྲུབ་འབྲས་མངོན་གསལ་ཐོབ་ཡོད། དེ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་མཇུག་འབྲས་ཡིན་ལ། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱིས་རྡོག་རྩ་གཅིག་སྒྲིལ་དང་སྤོབས་པ་ཆེན་པོས་འབད་འཐབ་བྱས་པའི་མཇུག་འབྲས་ཡིན་པ་དང་། ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་སྟོབས་ཤུགས་གང་ལེགས་སྒོས་མངོན་པར་བྱས་ཡོད། དོན་དངོས་ལས་ཀྲུང་གོ་མི་དམངས་ནི་རླབས་ཆེན་གྱི་མི་དམངས་དང་སྤོབས་སེམས་ཀྱིས་ཁེངས་པའི་མི་དམངས་ཡིན་པས། ཅིས་ཀྱང་མུ་མཐུད་དུ་ཀུན་གྱིས་མཐོང་ཆེན་བྱེད་པའི་མི་ཡུལ་གྱི་བྱས་རྗེས་ངོ་མཚར་ཅན་གསར་སྐྲུན་བྱེད་ཐུབ་པ་ཡང་བསྐྱར་བདེན་དཔང་བྱས་ཡོད།

ཞི་ཅིན་ཕིང་གིས་བསྟན་དོན། ལོ་གཅིག་གི་རིང་ལ། མི་དམངས་སྲིད་གྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་སྲིད་གྲོས་བྱ་བར་ཁྱོན་ཡོངས་ནས་འགོ་ཁྲིད་པ་རྒྱུན་འཁྱོངས་བྱས་ཤིང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་ཆེན་པོ་གཉིས་རྒྱུན་འཁྱོངས་བྱས་པ་དང་། འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གོང་འཕེལ་དུ་འགྲོ་བར་བྱས་རྗེས་ཆེན་པོ་བཞག ལོ་གསར་བའི་ནང་མི་དམངས་སྲིད་གྲོས་ཀྱིས་ཡང་འབད་བསྐྱར་འབད་དང་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་། ཆེད་དོན་གྲོས་མོལ་སྒྲིག་གཞིའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ཁྱད་སྟོབས་དེ་རྒྱལ་ཁབ་ཀྱི་བཅོས་སྐྱོང་ནུས་ཤུགས་སུ་བསྒྱུར་བ་དང་། ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱས་ནས། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོས་ཕྱོགས་གཅིག་ལ་བསམ་གཞིགས་གཏོང་བ་དང་གནས་གཅིག་ལ་འབད་འབུངས་བྱེད་པའི་སྟོབས་ལྡན་མཉམ་ཤུགས་ཆགས་པར་བྱེད་དགོས་པར་མ་ཟད་མུ་མཐུད་དུ་མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོའི་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་དགོས།

ཇ་སྟོན་ཚོགས་འདུར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་འགོ་འཛིན་མཛད། ཇ་སྟོན་ཚོགས་འདུའི་སྟེང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་དང་རིག་རྩལ་བྱ་བ་སྒྲུབ་མཁན་གྱིས་རིག་རྩལ་ལེ་ཚན་འཁྲབ་སྟོན་བྱས་པས། ཚོགས་ར་ཡོངས་སུ་སྤྲོ་སྐྱིད་དང་དུས་ཆེན་གྱི་རྣམ་པས་ཁེངས་འདུག

པེ་ཅིན་དུ་ཡོད་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་དང་། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་བློ་མཐུན་ཁ་ཤས། རྒྱལ་ཡོངས་སྲིད་གྲོས་ཀྱི་འགོ་ཁྲིད་བློ་མཐུན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་འཁུར་མྱོང་བའི་པེ་ཅིན་དུ་ཡོད་པའི་བློ་མཐུན་རྒན་པ་སོགས་ཇ་སྟོན་ཚོགས་འདུར་ཞུགས།

                                                                                                                       ལོ་ཙཱ་བ། བཀྲ་ཤིས་འབུམ།