རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཚེས་བཅུ་ཉིན་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་གསུམ་ལ་འཕར་སྣོན་བྱུང་བ་ཁྱབ་སྒྲོག་བྱས།
2021.01.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 45

རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་དོན། ཉིས་སྟོང་ཉེར་གཅིག་ལོའི་ཟླ་དང་པོའི་ཚེས་བཅུ་ཉིན་གྱི་དུས་ཚོད་ཉེར་བཞིའི་རིང་ལ། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་གཅིག་དང་ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས་བཅས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བརྒྱ་དང་གསུམ་ཇེ་མང་དུ་སོང་བ་ཡར་ཞུ་བྱས་པ་དང་།    དེའི་ནང་གི་བཅོ་བརྒྱད་ཕྱི་ནས་མཆེད་པའི་ནད་པ་ཡིན་ལ།  ཀོང་ཏུང་དུ་ནད་པ་བདུན་དང་ལེའོ་ཉིན་དུ་ནད་པ་བཞི།  ཐེན་ཅིན་དུ་ནད་པ་གཉིས། ཧྲང་ཧེ་རུ་ནད་པ་གཉིས། ཧྥུའུ་ཅན་དུ་ནད་པ་གཅིག ཡུན་ནན་དུ་ནད་པ་གཅིག  ཧྲན་ཞི་རུ་ནད་པ་གཅིག་བཅས་བྱུང་ཡོད། ས་གནས་རང་གི་ནད་པ་གྱ་ལྔ་ཡོད་ལ། ཧི་པེ་ནས་ནད་པ་གྱ་གཉིས་དང་ལེའོ་ཉིན་དུ་ནད་པ་གཉིས། པེ་ཅིན་དུ་ནད་པ་གཅིག་བཅས་བྱུང་བ་རེད།

ཉིན་དེར་དྲག་སྐྱེད་བྱུང་བའི་ནད་པ་བཅོ་བརྒྱད་སྨན་ཁང་ནས་ཕྱིར་བུད་པ་དང་། འབྲེལ་འདྲིས་མཁན་མི་བཞི་བརྒྱ་དང་ལྔ་ལ་གསོ་རིག་ཐད་ནས་བརྟག་དཔྱད་བྱས་རྗེས་རིམས་ནད་འགོས་མེད་པར་ཐག་བཅད་ཅིང་། ནད་པ་ལྗིད་མོའི་གྲངས་ཀ་ཉིན་སྔོན་མ་དང་བསྡུར་ན་ནད་པ་བཞི་ཡི་ཇེ་མང་ལ་སོང་།

ད་ལྟ་ཕྱི་ནས་མཆེད་པའི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་ཉིས་བརྒྱ་དང་གོ་བརྒྱད་ཡོད་པ་དང་དེའི་ནང་དུ་ནད་པ་ལྗིད་མོ་ལྔ་ཡོད་ལ།   བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་བཞི་དང་བཞི་བརྒྱ་སུམ་ཅུ་ཡོད་པ་དང་།  དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་ཕྱིར་བུད་པའི་ནད་པ་བསྡོམས་པས་སྟོང་བཞི་དང་བརྒྱ་དང་སོ་གཉིས་ལ་སླེབས་པ་དང་རྐྱེན་ལམ་དུ་ཤོར་བ་གཅིག་ཀྱང་མེད།

ཞང་ཀང་དང་ཨོ་མིན། ཐེ་ཝན་བཅས་ས་ཁུལ་གྱིས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་བསྡོམས་པས་ཁྲི་གཅིག་དང་བརྒྱ་དང་བཅུ་དྲུག་ཡར་ཞུ་བྱས་ཤིང་དེའི་ནང་དུ་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་སྟོང་དགུ་དང་ཉིས་བརྒྱ་ཞེ་གཉིས་ཡོད་པ་དང་། ནད་པ་སྟོང་བརྒྱད་དང་བཞི་བརྒྱ་ཉེར་གསུམ་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བརྒྱ་དང་ང་བརྒྱད་རྐྱེན་ལམ་དུ་ཤོར། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་ནད་པ་ཞེ་དྲུག་ཡོད་པ་དང་། ནད་པ་ཞེ་དྲུག་སྨན་ཁང་ནས་ཕྱིར་བུད། ཐེ་ཝན་ས་ཁུལ་དུ་ནད་པ་བརྒྱད་བརྒྱ་དང་ཉེར་བརྒྱད་ཡོད་པ་དང་ནད་པ་བདུན་བརྒྱ་དང་ཉི་ཤུ་སྨན་ཁང་ནས་ཕྱིར་བུད་པ། ནད་པ་བདུན་རྐྱེན་ལམ་ཤོར།

ལོ་ཙཱ་བ། བཀྲ་ཤིས་འབུམ།