ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚོགས་མགོ་བརྩམས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གནང་།
2021.01.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 194


ཟླ་དང་པོའི་ཚེས་བཅུ་གཅིག་ཉིན། ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་དུ་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་། 


ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་ཚེས་བཅུ་གཅིག་ཉིན་གྱི་སྔ་དྲོར་ཀྲུང་དབྱང་ཏང་གི་སློབ་གྲྭའི་རྒྱལ་ཁབ་སྲིད་འཛིན་སློབ་གླིང་དུ་ཚོགས་མགོ་བརྩམས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོའི་སྟེང་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་ཞུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་ནི་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་རིགས་གཞུང་གཏན་ཚིགས་དང་ལོ་རྒྱུས་གཏན་ཚིགས། དངོས་ཡོད་གཏན་ཚིགས་ཀྱིས་ཐག་བཅད་པ་རེད། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་ཞུགས་པ་དེས་རང་རྒྱལ་འཕེལ་རྒྱས་ཀྱི་ལོ་རྒྱུས་ཁ་ཕྱོགས་གཏན་འཁེལ་གསལ་བོ་བྱས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དེས་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་མཛུབ་སྟོན་རྩ་དོན་གཏན་འཁེལ་གསལ་བོ་བྱས་ལ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དེས་རང་རྒྱལ་གྱི་དཔལ་འབྱོར་དེང་རབས་ཅན་གྱི་ཐབས་ལམ་གདམ་གསེས་གཏན་འཁེལ་གསལ་བོ་བྱས་ཡོད། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་གསལ་བོར་ཤེས་པར་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་ནན་མོ་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་པར་མ་ཟད། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་སྤུས་ཚད་མཐོ་བའི་སྤུས་ཚད་ལ་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་མགོ་བཟང་བོ་ཞིག་ཚུགས་རྒྱུར་འགན་སྲུང་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཁི་ཆང་གིས་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོར་མགོ་འཛིན་མཛད་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ལིས་ཀྲན་ཧྲུའུ་དང་ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལི་ཅི། ཧན་ཀྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་བཅས་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོར་ཞུགས།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་དང་མི་དམངས་ཀྱི་ལས་དོན་དང་འབྲེལ་བའི་ལོ་རྒྱུས་གོ་གནས་དང་འཕེལ་རྒྱས་དུས་སྐབས་གསལ་བོར་ཤེས་པར་བྱེད་པ་ནི་ང་ཚོ་ཏང་གིས་དུས་སྐབས་རང་བཞིན་གྱི་དཀྱིལ་སྙིང་ལས་འགན་དང་ལམ་ཕྱོགས་བྱེད་ཕྱོགས་དང་སྲིད་ཇུས་གཏན་འཁེལ་གསལ་བོ་བྱེད་པའི་གཞི་འཛིན་ས་གཙོ་བོ་ཡིན་པ་དང་། ང་ཚོ་ཏང་གིས་གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་ལ་འགོ་ཁྲིད་དེ་རྒྱལ་ཁ་རླབས་ཆེན་བླངས་པའི་ཉམས་མྱོང་གལ་ཆེན་ཞིག་ཀྱང་ཡིན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་སྟེང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ་དང་བརྒྱ་ལོ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱས་རྗེས། ང་ཚོ་བབ་བསྟུན་མདུན་སྐྱོད་སྒོས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་བགྲོད་ལམ་གསར་བར་བསྐྱོད་མགོ་བརྩམས་པ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ལ། དེ་ལས་རང་རྒྱལ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་ཞུགས་པ་མཚོན་ཡོད་ཅེས་བསྟན། འདི་ལྟ་བུའི་འཐབ་ཇུས་ཀྱི་བརྡར་ཤ་བཅད་པར་གཞི་འཛིན་ས་བརྟན་པོ་ཞིག་ཡོད། འཕེལ་རྒྱས་ཀྱི་དུས་སྐབས་གསར་བ་ནི་སྤྱི་ཚོགས་རིང་ལུགས་ཀྱི་དམའ་རིམ་དུས་སྐབས་ཁྲོད་ཀྱི་དུས་སྐབས་ཤིག་ཡིན་པ་དང་། འགོ་ཚུགས་ས་གསར་བ་ནས་ལངས་པའི་དུས་སྐབས་ཤིག་ཀྱང་ཡིན།

ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཡོངས་ཀྱིས་ངེས་པར་དུ་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ཆ་ཚང་ཞིང་ཡང་དག་པ་དང་ཁྱོན་ཡོངས་ནས་ལག་བསྟར་བྱེད་དགོས། གཅིག གཞི་རྩའི་དམིགས་འབེན་ཐད་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་གསལ་བོར་ཤེས་པར་བྱེད་དགོས། གཉིས། གནད་དོན་ཁྲིད་ཕྱོགས་ཐད་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་གསལ་བོར་ཤེས་པར་བྱེད་དགོས། གསུམ། སེམས་ཁུར་འདུ་ཤེས་ཐད་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་གསལ་བོར་ཤེས་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་པ་དེ་དཔལ་འབྱོར་འཁོར་རྒྱུག་ལ་བགེག་དང་བར་ཆད་མེད་པར་རག་ལས་ཡོད་པས། ངེས་པར་དུ་འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་གཙོ་ཐིག་དེ་རྒྱུན་འཁྱོངས་བྱས་ཏེ། འདོར་གསུམ་འཕྲི་གཅིག་གསབ་གཅིག་གི་ལས་འགན་མུ་མཐུད་དུ་ཡོངས་འགྲུབ་བྱེད་པ་དང་། རིམ་འཕར་ཐོན་ལས་སྒྲིག་གཞི་ཁྱོན་ཡོངས་ནས་ལེགས་སྒྱུར་བྱེད་དགོས་ལ། གསར་སྐྲུན་ནུས་པ་དང་འགྲན་རྩོད་ནུས་པ། ཕྱོགས་བསྡུས་དངོས་ཤུགས་མཐོར་འདེགས་སུ་གཏོང་བ་དང་། འདོན་སྤྲོད་མ་ལག་གི་མཉེན་ཆ་ཇེ་ཆེར་བཏང་ནས། ཕན་འབྲས་མཐོ་ཞིང་སྤུས་ཚད་ལེགས་པའི་དངུལ་གཏོང་ཐོན་སྐྱེད་འབྲེལ་བ་ཆགས་པར་བྱེད་པ་དང་དཔལ་འབྱོར་དེ་ཆུ་ཚད་མཐོ་བའི་ཐད་ནས་དོ་མཉམ་ཡོང་བ་མངོན་འགྱུར་བྱེད་དགོས། རང་རྒྱལ་རྒྱལ་སྤྱིའི་མཉམ་ལས་དང་འགྲན་རྩོད་ཁྲོད་ཞུགས་པའི་ཁྱད་སྟོབས་གསར་བ་གསར་བཟོ་བྱས་ཏེ། རྒྱལ་སྤྱིའི་འཁོར་རྒྱུག་ལ་བརྟེན་ནས་རྒྱལ་ནང་གི་འཁོར་རྒྱུག་ཆེན་པོའི་ཕན་ནུས་དང་ཆུ་ཚད་མཐོར་འདེགས་སུ་གཏོང་བར་མཐོང་ཆེན་བྱེད་པ་དང་། རང་རྒྱལ་གྱི་ཐོན་སྐྱེད་རྒྱུ་རྐྱེན་སྤུས་ཚད་དང་སྒྲིག་སྦྱོར་ཆུ་ཚད་ལེགས་བཅོས་བྱེད་དགོས་པར་མ་ཟད། རང་རྒྱལ་ཐོན་ལས་ཀྱི་ཚུལ་སྒྱུར་རིམ་འཕར་ལ་སྐུལ་འདེད་གཏོང་དགོས།

ལིས་ཁི་ཆང་གིས་འཛིན་གྲྭ་ཚོགས་མགོ་བརྩམས་པའི་མཛད་སྒོར་འགོ་འཛིན་མཛད་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་རིགས་གཞུང་དང་དོན་དངོས་། ལོ་རྒྱུས་དང་དངོས་ཡོད། རྒྱལ་ནང་དང་རྒྱལ་སྤྱི་བཅས་ཟུང་འབྲེལ་བྱེད་པའི་མཐོ་ཚད་ནས། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་ཞུགས་པའི་རིགས་གཞུང་གཞིར་འཛིན་པ་དང་ལོ་རྒྱུས་གཞིར་འཛིན་པ། དངོས་ཡོད་གཞིར་འཛིན་པར་དབྱེ་ཞིབ་བྱས་ཤིང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དང་རེ་བ་གསར་བ་ལག་བསྟར་བྱེད་པར་རྒྱས་བཤད་བྱས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་མྱུར་དུ་གསར་སྐྲུན་བྱེད་པའི་གཙོ་རྒོལ་ཁ་ཕྱོགས་གསལ་བཤད་བྱས་ཡོད་པས་དེར་སློབ་སྦྱོང་བྱས་ཏེ་གོ་བ་ཟབ་མོ་ལེན་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཀྲུང་དབྱང་གི་དགོངས་དོན་སློབ་སྦྱོང་བྱེད་པ་ཟུང་འབྲེལ་བྱས་ཏེ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་དགོས་ལ། སློབ་སྦྱོང་དང་བཀོལ་སྤྱོད་ཟུང་འབྲེལ་བྱས་ནས། ཏང་ཀྲུང་དབྱང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་འཕེལ་རྒྱས་ཀྱི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དངོས་འབེབས་བཟང་བོ་བྱེད་པར་སྐུལ་འདེད་གཏོང་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཡོན་ཨུ་ཡོན་ཀྲང་གཞོན་པ། རྒྱལ་སྲིད་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ། དེ་མིན་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་བཅས་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས།

ལོ་ཙཱ་བ། བཀྲ་ཤིས་འབུམ།