མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིས་གཅིག་བསྡུས་ལྟ་ཞིབ་དང་སློབ་སྦྱོང་ཞིབ་ཀློག་བྱེད་སྒོ་སྤེལ།
2021.01.17 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 10

ཟླ་དང་པོའི་ཆེས་བཅུ་བཞི་ཉིན་ནས་ཚེས་བཅོ་ལྔ་ཉིན་བར་དུ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་རྩ་འཛུགས་བྱས་ཏེ་གཅིག་བསྡུས་ལྟ་ཞིབ་བྱ་འགུལ་སྤེལ་བར་མ་ཟད། འབྲེལ་ཡོད་བཅའ་ཁྲིམས་འཆར་ཟིན་ལ་སློབ་སྦྱོང་དང་ཞིབ་ཀློག་བྱས། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རུང་དང་། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་ལིས་ཙའེ་ཡོན་སོགས་ཐེངས་འདིའི་བྱ་འགུལ་ལ་ཞུགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལིག་ཐུང་ཏི་ཡིས་ལྟ་ཞིབ་བྱེད་རོགས་བྱས།

འཐུས་མི་རྣམས་ཀྱིས་མང་ཚོགས་ཀྱིས་དུས་རྒྱུན་དོ་སྣང་བྱེད་ཀྱིན་པའི་རིམས་ནད་འགོག་སྡོམ་དང་སྐྱེ་ཁམས་ཁོར་ཡུག སྤུས་ཚད་མཐོ་བའི་འཕེལ་རྒྱས། སྤུས་ཀ་དག་པའི་འཚོ་བ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། འཐུས་མིའི་བྱེད་ནུས་འདོན་སྤེལ་སོགས་ཀྱི་གནད་དོན་དཀྱིལ་སྙིང་དུ་བཟུང་ནས། སྔ་རྗེས་སུ་ཞིང་ཆེན་རིམས་ནད་སྔོན་འགོག་ལྟེ་གནས་དང་ཨ་རུ་བོད་སྨན་ཀུང་ཟི། མཚོ་སྔོན་སྨན་རྫས་བཟོ་གྲྭ། མཚོ་སྔོན་པིས་ཡཱ་ཏིས་ལིས་གློག་རྫས་ཀུང་ཟི། སྟོད་པ་མཁར་གསར་སོགས་སུ་སོང་ནས་ལྟ་ཞིབ་བྱེད་སྒོ་སྤེལ་བར་མ་ཟད། ཟི་ལིང་གྲོང་ཁྱེར་མཁར་ནུབ་ས་ཁུལ་ཞིན་ཧའེ་སྲང་ལམ་དམངས་ཆེན་འཐུས་མིའི་འབྲེལ་གཏུག་ཁང་ནས་འཐུས་མིའི་བྱེད་སྒོ་སྤེལ། དེའི་རྗེས་མཉམ་དུ་རྒྱལ་ཡོངས་དམངས་ཆེན་གྱི་རྩ་འཛུགས་བཅའ་ཁྲིམས་དང་རྒྱལ་ཡོངས་དམངས་ཆེན་གྱི་གྲོས་སྡུར་སྒྲིག་སྲོལ་བཟོ་བཅོས་འཆར་ཟིན་སློབ་སྦྱོང་ཞིབ་ཀློག་བྱས།

འཐུས་མི་རྣམས་ཀྱིས་མགྲིན་གཅིག་ཏུ་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ། སྣེ་མང་རྙོག་འཛིང་གི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་ཁྱད་པར་དུ་པྲོག་དབྱིབས་ནད་དུག་གི་བརྡབ་གསིག་ལ་ཁ་གཏད་འཇལ་བའི་ཐད་ནས། ཏང་ཀྲུང་དབྱང་གི་ཡང་དག་པའི་འགོ་ཁྲིད་སྟོབས་ལྡན་འོག་ཏུ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཁྲིམས་ལྟར་དང་ཚན་རིག་གི་ལམ་ནས་ཁ་གཏད་གང་ལེགས་འཇལ་ནས། རིམས་ནད་འགོག་སྡོམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་དང་སྐུལ་འདེད་བཏང་བ་བརྒྱུད་དེ་གྲུབ་འབྲས་ངེས་ཅན་བླངས་ཡོད་པར་མ་ཟད། མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་ཕན་འབྲས་གསར་པ་བླངས་པ་དང་འཕེལ་རྒྱས་གསར་པ་བྱུང་ཡོད་ཟེར། ཚང་མས་མགྲིན་གཅིག་ཏུ་བཤད་རྒྱུར། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་ཨུའི་གྲོས་ཚོགས་ཐེངས་དགུ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་དཀྱིལ་སྙིང་དུ་འཛིན་རྒྱུ་དང་། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ཕྱོགས་སུ་སྟོབས་ཤུགས་གཅིག་བསྡུས་བྱེད་པ། རྟོག་ཞིབ་མཐིལ་ཕྱིན་བྱེད་པ། གྲ་སྒྲིག་ཞིབ་ཚགས་བྱེད་པ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་ནས་འགན་ནུས་གཙང་སྒྲུབ་བྱེད་པ་བཅས་ལ་འབད་དེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འགོ་ཡག་པོ་རྩོམ་པར་བློ་འདོན་ཇུས་འབུལ་གང་ལེགས་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།

ལོ་ཙཱ་བ། བན་དེ་སྐྱབས།