ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭའི་འགོ་རྩོམ་མཛད་སྒོའི་སྟེང་གཏམ་བཤད།
2021.01.21 ཁུངས། མཚོ་སྔོན་་གསར་འགྱུར་དྲ་བ། ཀློག་གྲངས། 19

ཟླ་དང་པོའི་ཚེས་ཉི་ཤུ་ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་སྐོར་གྱི་ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭའི་འགོ་རྩོམ་མཛད་སྒོ་ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭ་རུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཟུར་ཁྲིད་གཏམ་བཤད་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་ནས། ཏང་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་ཁྱོན་ཡོངས་འགོ་ཁྲིད་ལ་ཤུགས་སྣོན་པ། འཕེལ་རྒྱས་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་གཏིང་ཟབ་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པ་མགྱོགས་མྱུར་ངང་འཛུགས་སྒྲུབ་བྱེད་པ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་བཅས་ལ་བརྟེན་ཏེ་མཚོ་སྔོན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལས་དོན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་ཁྱོན་ཡོངས་ནས་གཏོད་དགོས།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་པའི་ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭའི་སྟེང་གི་གསུང་བཤད་གལ་ཆེན་དགོངས་དོན་བརྒྱུད་སྒྲོག་བྱས། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཚོགས་འདུར་ཞུགས།

ཝང་ཅན་ཅུན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོའི་ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭའི་སྟེང་གི་གསུང་བཤད་གལ་ཆེན་གྱིས་རྒྱལ་ནང་རྒྱལ་སྤྱིའི་གནས་སྟངས་ཆེན་མོ་གསལ་སྟོན་བྱས་པ་དང་། རྒྱལ་ནང་རྒྱལ་སྤྱིའི་འཕེལ་ཕྱོགས་ཆེན་མོ་གསལ་འགྲེལ་བྱས་ལ། རྒྱལ་ནང་རྒྱལ་སྤྱིའི་འཕེལ་འགྲོས་གསལ་འབྱེད་བྱས་པས། དེར་ལག་ལེན་རང་བཞིན་དང་དུས་རབས་རང་བཞིན། གསར་གཏོད་རང་བཞིན་བཅས་མངོན་གསལ་ལྡན་པར་མ་ཟད། དེ་ནི་གནས་ལུགས་དང་བདེན་དོན་གྱིས་ཀུན་ནས་བརྗིད་པའི་མར་ཁེ་སི་རིང་ལུགས་ཀྱི་རྩ་འཛིན་རང་བཞིན་ཡིག་ཚང་ཞིག་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་དུས་བསྟུན་མདུན་སྐྱོད་སྒོས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་འཕེལ་རྒྱས་སུ་བཏང་ནས། ཆབ་སྲིད་ཀྱི་ཤེས་རབ་མཐོན་པོར་བརྟེན་ནས་རྒྱལ་ཡོངས་མི་དམངས་ཀྱི་རྒྱལ་སྐྱོང་སྲིད་འཛིན་བྱ་བར་སྣེ་ཁྲིད་དེ། ཉེན་འོབས་ཁྲོད་ནས་གོ་སྐབས་གསར་པ་བཙལ་བ་དང་འགྱུར་ལྡོག་གི་ཁྲོད་ནས་གནས་སྟངས་གསར་པ་བཙལ་བར་མ་ཟད། ཀུན་གྱིས་ཡིད་སྨོན་བྱེད་སའི་ཀྲུང་གོའི་མཚར་སྡུག་བསྐྲུན་ཏེ། ལོ་རྒྱུས་དང་དུས་རབས། མི་དམངས་བཅས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་ཁྱད་འཕགས་བསྐྲུན་ནས། རྒྱལ་ཡོངས་མི་དམངས་ཀྱིས་སེམས་ཁོང་རུས་པའི་གཏིང་ནས་གོང་བཀུར་དང་དགའ་ཞེན་ཚད་མེད་ཐོབ། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་ཐུབ་པ་བཅས་བྱེད་དགོས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཚད་ཤིང་དུ་བཟུང་ནས། རང་རྟོགས་སྒོས་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་མཐར་ཕྱིན་བྱེད་པ། འཕེལ་རྒྱས་ཀྱི་ཆགས་སྟངས་གསར་པའི་ཆོད་སྡོམ་གལ་ཆེན་གྱིས་བསམ་བློ་རྒྱས་པར་བྱེད་པ་དང་ལག་ལེན་ལ་མཛུབ་སྟོན། ལས་དོན་ལ་སྐུལ་འདེད་བཅས་གཏོང་དགོས།

ཞིན་ཁྲང་ཞིང་གིས་ཚོགས་འདུར་འགོ་འཛིན་བྱེད་སྐབས་བསྟན་དོན། ཧྲུའུ་ཅི་ཝང་ཅན་ཅུན་གྱི་ཟུར་ཁྲིད་གཏམ་བཤད་ནི་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ལྟ་བ་གཅིག་གྱུར་ཡོང་བར་བྱེད་པའི་གཞུང་ལུགས་ཅན་གྱི་ཟུར་ཁྲིད་ཞིག་དང་། རྒྱང་རིང་ལ་མིག་ལྟོས་དང་བརྩོན་སེམས་འཕེལ་བར་བྱེད་པའི་བསམ་བློའི་སྐུལ་སློང་ཞིག མུ་མཐུད་དུ་འབད་འཐབ་དང་སྤོབས་སེམས་ཆེན་པོས་མདུན་དུ་སྐྱོད་པར་སྐུལ་བའི་ལས་དོན་བཀོད་སྒྲིག་ཞིག་བཅས་ཡིན། ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མས་སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་སྒྲུབ་ཐུབ་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆེད་དོན་ཞིབ་འཇུག་གྲོས་བསྡུར་འཛིན་གྲྭའི་སྟེང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་འོས་འགན་གཙོ་བོ་ཞིག་ཏུ་བརྩི་དགོས་ལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ། མཚོ་སྔོན་གྱི་ལས་དོན་ཡོད་ཚད་རྨང་རྐང་བརྟན་པོ་དང་ཡང་དག་པའི་ཁ་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས།

ལོ་ཙཱ་བ། བན་དེ་སྐྱབས།