མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་བའི་གྲོས་ཚོགས་ཟི་ལིང་ནས་ཚོགས།
2021.02.22 ཁུངས། རང་རེའི་ལས་ཁུངས། ཀློག་གྲངས། 24

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་བྱ་བའི་གྲོས་ཚོགས་ཟླ་གཉིས་པའི་ཚེས་བརྒྱད་ཉིན་ཟི་ལིང་ནས་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བའི་རེ་བ་བཏོན། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།

ཝང་ཅན་ཅུན་གྱིས་བསྟན་དོན། 2020ལོ་ནི་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ལ། འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱིས་ཉམས་སད་ཆེན་པོ་ཐེག་པའི་ལོ་ཞིག་ཀྱང་ཡིན་པས། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་ཕྱོགས་ནས། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་ལྷག་པར་དུ་སྨན་བཅོས་མི་སྣས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་རྒྱ་དང་ལེན་བྱས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་ལ། དམག་མི་དང་འདྲ་བར་མདུན་དུ་བསྐྱོད་པ་དང་། འགན་འཁྲི་དང་ཁག་ཁུར་བྱེད་ཕོད་པའི་སྒོ་ནས་ཉམས་སད་ཐེག་ཐུབ་པར་བྱས་ནས། མི་དམངས་དང་ཚེ་སྲོག་གཙོར་འཛིན་པའི་མཚོ་སྔོན་གྱི་ལེའུ་བྲིས་པ་དང་། བདེ་ཐང་མཚོ་སྔོན་དང་མི་དམངས་ཀྱི་བདེ་ཐང་སྲུང་སྐྱོབ་བྱེད་པའི་ཐད་བྱས་རྗེས་གལ་ཆེན་བཞག 2021ལོའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་ནས་འགོ་ཚུགས་ས་གསར་བའི་སྟེང་འགྲེང་ཡོད་པ་དང་། དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས་ན། སྤྱི་ཚོགས་ཡར་ཐོན་བྱེད་པ་དང་། མི་དམངས་བདེ་ཐང་ཡོང་བར་བྱེད་པ། འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱི་འགན་འཁྲི་ཧ་ཅང་ལྕི། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་སྨན་བཅོས་མི་སྣས་རིམས་འགོག་སྙིང་སྟོབས་རྒྱུན་མཐུད་ངང་དར་སྤེལ་གཏོང་བ་དང་། སེམས་ཤུགས་གཅིག་བསྒྲིལ་གྱིས་མི་དམངས་ལ་ཞབས་འདེགས་ཞུ་བ། འཕྲོད་བསྟེན་བདེ་ཐང་ལས་དོན་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་ཐང་ལ་སྲུང་སྐྱོབ་བྱེད་པའི་ཁྲོད་གྲུབ་འབྲས་གསར་བ་ལེན་པ་དང་། སྨན་བཅོས་མི་སྣའི་སྣང་བརྙན་ཐད་ནས་དུས་རབས་གསར་བའི་གཟི་འོད་འཕྲོ་བར་བྱེད་དགོས་ཟེར།

ཞིན་ཁྲང་ཞིང་གིས་བསྟན་དོན། 2020ལོར། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་བྱས་པ་དང་། གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་བྱས་ནས། དཀའ་ཁག་ཁྱད་སེལ་བྱས་པ་དང་། རྒྱ་ཆེའི་སྨན་བཅོས་མི་སྣས་ཟློག་བསྐྱོད་གཡུལ་འགྱེད་དང་བླ་མེད་བྱས་རྗེས་བཞག་སྟེ། རིམས་ནད་འགོག་བཅོས་ཐད་ནད་འཐབ་ཇུས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ལེན་པའི་ཐད་བྱས་རྗེས་གལ་ཆེན་བཞག་པ་དང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་དང་བྱ་བ་སྣ་ཚོགས་ཐད་ནས་གྲུབ་འབྲས་གསར་བ་བླངས། ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་ཀྱི་བདེ་ཐང་སྔོན་དུ་འཕེལ་རྒྱས་སུ་གཏོང་བའི་འཐབ་ཇུས་གོ་གནས་སུ་འཇོག་པ། རླབས་ཆེ་བའི་རིམས་འགོག་སྙིང་སྟོབས་དར་སྤེལ་དུ་གཏོང་བ། སྔོན་འགོག་གཙོར་བྱེད་པ་དང་ཉེན་ཁ་བཀག་འགོག་བྱེད་པར་དོ་སྣང་བྱེད་པ་དང་། སྤུས་ཚད་ཇེ་མཐོར་གཏོང་བ་དང་དོ་མཉམ་ལ་སྐུལ་འདེད་གཏོང་བར་དོ་སྣང་བྱེད་པ། ཐོན་ཁུངས་གཞི་རིམ་དུ་བཀོད་སྒྲིག་བྱེད་པ་དང་ལས་ཁུངས་ཀྱི་མཉམ་ལས་ལ་སྔར་ལས་དོ་སྣང་བྱས་ཏེ། ཧུར་ཐག་གིས་ཁྱོན་ཡོངས་ནས་མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པ་དང་། བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་རྒྱུ་དེ་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས་ཟེར།

ཁོང་ཡུང་གིས་ད་ལོའི་བྱ་བ་གཙོ་བོ་དམ་འཛིན་བྱེད་པར་བཀོད་སྒྲིག་བྱས། ཁོས་འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱིས་ནམ་ཡང་སེམས་ཆུང་གཟབ་ནན་བྱེད་པ་དང་། འགོག་བཅོས་བྱེད་ཐབས་ལག་བསྟར་བྱེད་པ། ལྟ་ཞིབ་ཀྱི་འགག་སྒོ་དམ་སྲུང་བྱེད་པ། དངོས་ཟོག་གསོག་འཇོག་ལ་ཤུགས་སྣོན་པ། འཁྲབ་སྦྱོང་ལ་ཤུགས་སྣོན་པ། བརྟན་བརླིང་ངང་འགོག་ཁབ་བརྒྱབ་ནས། པྲོག་གསར་གློ་ཚད་རིམས་ནད་ཀྱི་རྒྱུན་རྣམ་ཅན་གྱི་འགོག་བཅོས་བྱ་བ་དམ་འཛིན་བྱེད་དགོས། དཀའ་ངལ་ཁྱད་སེལ་བྱེད་པ་དང་། སྤྱི་ཐུན་འཕྲོད་བསྟེན་ཞབས་ཞུ་མ་ལག་འཛུགས་སྐྲུན་ལ་ཤུགས་སྣོན་པ། རིམ་པ་བགར་ནས་སྨན་བཅོས་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། གཞུང་བཙུགས་སྨན་ཁང་གི་བཅོས་བསྒྱུར་ཇེ་ལེགས་སུ་གཏོང་བ། སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་བསྒྱུར་བྱེད་ཤུགས་ཆེར་བཏང་སྟེ། ཕྱོགས་བསྡུས་སྨན་བཅོས་བཅོས་བསྒྱུར་རྒྱུན་མཐུད་ངང་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་དགོས། སྔོན་འགོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་མ་ལག་བཅོས་བསྒྱུར་བྱེད་པ་དང་ཤུགས་སྣོན་པ། ཆ་འཕྲིན་ཅན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། རིམས་འགོག་ལས་ཁུངས་ཀྱི་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རིམས་ནད་ལྕི་མོ་དང་ས་གནས་ནད་རིགས་འགོག་བཅོས་བྱ་བར་རྒྱུན་མཐུད་ངང་སྤེལ་དགོས། སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་གཙོར་འཛིན་པ་དང་། གཅིག་གྱུར་འཆར་འགོད་བྱེད་པ། བསམ་ཕྱོགས་གསར་གཏོད་བྱེད་པ། བརྟན་བརླིང་ངང་བདེ་ཐང་མཚོ་སྔོན་གྱི་འགུལ་སྐྱོད་སྤེལ་ནས། ཧུར་ཐག་གིས་རང་ཞིང་གི་འཕྲོད་བསྟེན་བདེ་ཐང་ལས་དོན་གྱི་རྣམ་པ་གསར་བ་བསྐྲུན་དགོས་པའི་རེ་བ་བཏོན།

ལོ་ཙཱ་བ། རིན་ཆེན་མཚོ།