ཞི་ཅིན་ཕིང་གིས་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་ཁ་པར་གྲོས་མོལ་མཛད།
2021.02.23 ཁུངས། ཀློག་གྲངས། 82

རྒྱལ་ཁབ་གྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ2པའི་ཚེས22ཉིན་གྱི་དགོང་མོར་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་དང་ཁ་པར་གྲོས་མོལ་མཛད།

ཞི་ཅིན་ཕིང་གིས་བསྟན་དོན། ཨེ་ཅིབ་ནི་ཀྲུང་གོ་གསར་པ་དང་ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་པའི་ཨ་རབ་དང་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཐོག་མ་ཡིན། ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བ་ནི་ཀྲུང་གོ་དང་ཨ་རབ་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཐུན་སྒྲིལ་མཉམ་ལས་དང་གཉིས་ཕན་གཉིས་རྒྱལ་གྱི་དཔེ་མཚོན་ཞིག་ཡིན། ཀྲུང་གོས་སྔ་གཞུག་ཏུ་ཨེ་ཅིབ་ཀྲུང་གོའི་ཕྱི་འབྲེལ་ཁྲོད་ཀྱི་གོ་གནས་གལ་ཆེན་ཐོག་འཇོག་རྒྱུ་དང་ཀྲུང་གོ་ནི་ནམ་ཡང་ཨེ་ཅིབ་ཀྱི་བློས་ཐུབ་གྲོགས་པོ་བཟང་པོ་ཡིན་ཟེར། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་ཆ་ཚང་བཅས་ལ་སྲུང་སྐྱོང་བྱ་ཆེད་འབད་བརྩོན་བྱས་ཏེ་ཨེ་ཅིབ་མི་དམངས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་ཆབ་སྲིད་ཐད་ཀྱི་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ཕན་ཚུན་ལ་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་འདོད་ཡོད་ཅེས་གསུངས། པྲོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱིས་ཛ་དྲག་གི་རིམས་ནད་སྔོན་འགོག་གི་དངོས་ཟོག་མཁོ་འདོན་བྱས་པ་དེས་དཀའ་སྡུག་ཁྲོད་དུ་ཕན་ཚུན་གྱི་རྒྱབ་རྩར་ལངས་པའི་མཛའ་བཤེས་ངོ་མ་དེ་མཐོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ་རིམས་འགོག་སྨན་ཁབ་མཉམ་འབྲེལ་ལ་ཤུགས་སྣོན་རྒྱག་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཐུན་སྒྲིལ་ངང་རིམས་ནད་འགོག་བཅོས་བྱ་རྒྱུར་རྒྱབ་སྐྱོར་བྱས་ཏེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གཅིག་མཐུན་ཚོགས་པ་སྐྲུན་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན།  ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་ཀྱིས་དངོས་སྒྲུབ་མཉམ་འབྲེལ་ལ་བརྟེན་ནས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་དུ་བསད་ནས་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱེད་པ་དང་།མཉམ་འབྲེལ་གྱི་ལས་གཞི་གལ་ཆེན་གོ་རིམ་ལྡན་པའི་ངང་སྤེལ་བ། ཁྲིམས་འཛིན་བདེ་འཇགས་དང་གནམ་གྲུ་འཕུར་སྐྱོད་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། ཀྲུང་གོ་དང་ཨེ་ཅིབ་རྒྱལ་ཁབ་གཉིས་པོས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས“རྒྱུད་གཅིག་ལམ་གཅིག”མཉམ་བསྐྲུན་བྱེད་དགོས་ལ། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་ལས་མང་བ་ཨེ་ཅིབ་ཏུ་མ་དངུལ་འཇོག་པར་རྒྱབ་སྐྱོར་བྱས་ནས་ཨེ་ཅིབ་ཕྱོགས་དང་རྨང་གཞིའི་སྒྲིག་གཞི་འཛུགས་སྐྲུན་དང་ཐོན་ནུས།ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་རྒྱ་ཆེར་བཏང་སྟེ་ཀྲུང་གོ་དང་ཨེ་ཅིབ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

སའེ་ཞི་ཡིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུས་པ་དང་ཁོང་གིས་བསྟན་དོན། ད་ལོ་ནི་ཨེ་ཅིབ་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ65འཁོར་བའི་ལོ་ཡིན་ལ། ཨེ་ཅིབ་དང་ཀྲུང་གོ་རྒྱལ་ཁབ་གཉིས་བར་སྔར་ནས་མཛའ་བརྩེ་ཟབ་མོ་ཡོད་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏན་འཇགས་ཡིན་པ། རྒྱལ་སྤྱིའི་ལས་དོན་ཁྲོད་མཉམ་འབྲེལ་དམ་ཟབ་བྱུང་ཡོད་པས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་ཁེ་ཕན་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཞང་ཀང་དང་ཞིན་ཅང་། ཐའེ་ཝན་དང་འབྲེལ་བ་ཡོད་པ་སོགས་ཀྱི་གནད་དོན་ཐད་འཛིན་པའི་རྩ་དོན་དང་ལངས་ཕྱོགས་ལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་དང་ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གཅིག་གྱུར་བཅས་ལ་སྲུང་སྐྱོང་བྱ་རྒྱུར་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པ། ཨེ་ཅིབ་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་སྔར་བས་མང་བ་ཨེ་ཅིབ་ཏུ་མ་དངུལ་འཇོག་པར་མཉམ་འབྲེལ་བྱེད་པར་དགའ་བསུ་ཞུ་རྒྱུ་དང་ཀྲུང་གོ་ཕྱོགས་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཨེ་ཅིབ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་དང་།  ཀྲུང་གོ་ཕྱོགས་ཀྱིས་སྔ་གཞུག་ཏུ་ཨ་ཧྥེ་རི་ཁ་གླིང་དང་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཀྲུང་གོ་ཕྱོགས་དང་རིམས་འགོག་སྨན་ཁབ་མཉམ་འབྲེལ་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུའི་རེ་བ་ཡོད་ཅེས་གསུངས།

མི་ཕམ་མགོན་པོས་བསྒྱུར།