ཞི་ཅིན་ཕིང་གིས་ཧྥ་རན་སིའི་ཙུང་ཐུང་དང་ཁ་པར་གྲོས་མོལ་མཛད། 
2021.02.27 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 34

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་ཁ་པར་གྲོས་མོལ་མཛད། 

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཕན་ཚུན་ལ་ལོ་གསར་བའི་འཚམས་འདྲི་མཛད་པ་དང་། སོ་སོར་ཧྥ་རན་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྨོན་འདུན་བཟང་བོ་ཞུས། 

ཞི་ཅིན་ཕིང་གིས་བསྟན་དོན། ཉིས་སྟོང་ཉི་ཤུ་ལོར་ང་ཚོས་ཁ་པར་གྲོས་མོལ་ཐེངས་ལྔ་སྤེལ་ནས་ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བའི་འཕེལ་རྒྱས་བཟང་བོར་སྐུལ་འདེད་བཏང་ཡོད་པ་དང་ང་ཚོས་བཀོད་པའི་ཐུན་མོང་གི་ལྟ་ཚུལ་ལ་དངོས་འབེབ་གང་ལེགས་ཐོབ་ཡོད། ལོ་གསར་བའི་ནང་། ཕྱོགས་གཉིས་ཀྱིས་ཡང་འབད་བསྐྱར་འབད་བྱས་ཏེ། དཀའ་སྡུག་གདོང་བསུའི་སྙིང་སྟོབས་དར་སྤེལ་བྱས་ནས། ཀྲུང་གོ་དང་ཧྥ་རན་སིའི་འབྲེལ་བར་སྔར་ལས་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་དགོས། ཕྱོགས་གཉིས་ཀྱིས་ཡིད་ཆེས་ཇེ་ཟབ་ཏུ་གཏོང་བ་དང་ཟོལ་མེད་ཀྱིས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་སེམས་ཁུར་བྱེད་པའི་གནད་དོན་ལ་བརྩི་འཇོག་བྱེད་པ་དང་། མཉམ་ལས་གྲོས་མཐུན་གལ་ཆེན་དངོས་འབེབ་བྱེད་པ། ཧུར་ཐག་སྒོས་ནུས་ཁུངས་དང་མཁའ་འགྲུལ། ཞིང་ཞོར་ཐོན་རྫས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ལ་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་ཧྥ་རན་སིའི་མཉམ་ལས་ཀྱི་སྒུལ་ཤུགས་གསར་བ་གསར་བསྐྲུན་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཕཱ་རེ་སིའི་རྒྱལ་སྤྱིའི་དངུལ་ལོར་ལྟེ་གནས་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ངེས། 

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཡོ་རོབ་གླིང་གི་འཕེལ་རྒྱས་དར་རྒྱས་དེ་སྣེ་མང་ཅན་གྱི་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་ཕན་པ་དང་། ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་ལ་ཤུགས་སྣོན་པར་ཕན་ཐོགས་ཡོད་ལ། མཉམ་དུ་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྣ་ཚོགས་ཐག་གཅོད་བྱེད་ཐུབ་པར་ཡིད་ཆེས་ཡོད། ཕྱོགས་གཉིས་ཀྱིས་མཉམ་དུ་དུས་རིམ་རྗེས་མའི་ཀྲུང་གོ་དང་ཡོ་རོབ་གླིང་གི་ཆབ་སྲིད་གྲོས་རིམ་རབ་དང་རིམ་པ་གྲ་སྒྲིག་གང་ལེགས་བྱེད་དགོས། ན་ནིང་ལོ་མཇུག་ཏུ། ཀྲུང་གོ་དང་ཡོ་རོབ་གླིང་གིས་མཉམ་དུ་དངུལ་གཏོང་གྲོས་ཆོད་ཀྱི་གྲོས་མོལ་ཡོངས་འགྲུབ་བྱས་པ་ཁྱབ་སྒྲོག་བྱས་ཡོད་ལ། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་ཀྲུང་གོ་དང་ཡོ་རོབ་གླིང་གི་དངུལ་གཏོང་གྲོས་ཆོད་སྔ་མོ་ནས་ནུས་ལྡན་དུ་འགྱུར་བར་ཡར་སྐུལ་གཏོང་དགོས། ཀྲུང་གོ་དང་ཡོ་རོབ་གླིང་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་ནི་ཀྲུང་གོ་དང་ཡོ་རོབ་གླིང་གི་སྤྱིའི་མཉམ་ལས་ཀྱི་ཁག་ཅིག་ཡིན་པ་དང་། ཀྲུང་གོའི་ཕྱོགས་ཀྱིས་ཧྥ་རན་སིའི་ཕྱོགས་དང་མཉམ་དུ་ཡོ་རོབ་གླིང་དབུས་ཤར་ས་ཁུལ་ནས་མཉམ་ལས་བྱེད་པར་གྲོས་བསྡུར་བྱས་ཏེ་ཀྲུང་གོ་དང་ཡོ་རོབ་གླིང་གི་མཉམ་ལས་ཐད་རྣམ་པ་གསར་བ་གསར་འབྱེད་བྱེད་འདོད་ཡོད། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཧྥ་རན་སི་གང་ཡིན་ཡང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་ལས་འགན་ཁུར་བའི་རྒྱལ་ཁབ་ཆེན་མོ་ཡིན། རྒྱལ་ཁབ་གཉིས་ཀྱིས་མུ་མཐུད་དུ་ཕྱོགས་མང་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འདྲ་མཉམ་དྲང་བདེན་དང་གྲོས་མོལ་མཉམ་ལས། སྒོ་འབྱེད་བཟོད་སྒོམ་བཅས་རྒྱུན་འཁྱོངས་བྱས་ཏེ། མིའི་རིགས་སྔ་མོ་ནས་པྲོག་གསར་གློ་ཚད་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་དགོས་ངེས་ཀྱི་བྱས་རྗེས་འཇོག་དགོས། ཀྲུང་གོའི་ཕྱོགས་ཀྱིས་ཧྥ་རན་སི་དང་བཅས་པའི་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་ཨ་ཧྥེ་རི་ཁ་གླིང་གི་དངུལ་གཏོང་ཇེ་མང་དུ་བཏང་སྟེ་ཧྥ་རན་སིའི་བར་འབྲེལ་འདྲིས་སྲུང་འཛིན་བྱེད་འདོད་ཡོད་ཅེས་གསུངས། 

མཱ་ཁི་ལུང་གིས་བསྟན་དོན། ཧྥ་རན་སི་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་གདེང་འཇོག་ཆེན་པོ་བྱེད་པ་དང་། ཀྲུང་གོའི་ཕྱོགས་དང་མཉམ་དུ་སྒོ་འབྱེད་དང་མཉམ་ལས་ཀྱི་རྣམ་པས་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་གྲུབ་འབྲས་སྔར་ལས་ཆེན་པོ་ལོན་པར་སྐུལ་འདེད་གཏོང་རྒྱུ་མ་ཟད། ཧུར་ཐག་སྒོས་ཡོ་རོབ་གླིང་དང་ཀྲུང་གོའི་འགྲོ་འོང་དང་མཉམ་ལས་ལ་ཡར་སྐུལ་བྱེད་འདོད་ཡོད། ཧྥ་རན་སིའི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་འབྲེལ་འདྲིས་ལ་ཤུགས་སྣོན་བྱེད་པ་དང་། མཉམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥེ་རི་ཁ་གླིང་གི་བུ་ལོན་ཇེ་ཉུང་དུ་གཏོང་བ་དང་། ཨ་ཧྥེ་རི་ཁ་གླིང་གི་དཔལ་འབྱོར་འཕར་སྣོན་མངོན་འགྱུར་བྱེད་པར་སྐུལ་འདེད་བཏང་སྟེ། མུ་མཐུད་དུ་ནམ་ཟླའི་འགྱུར་ལྡོག་དང་སྤྱི་བའི་འཕྲོད་བསྟེན་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ཐག་གཅོད་བྱེད་པའི་ཐད་ནས་རོགས་ལས་དམ་ཟབ་བྱེད་འདོད་ཡོད་ཟེར། 

རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ད་རུང་ཐུན་མོང་གིས་སེམས་ཁུར་བྱེད་པའི་ས་ཁུལ་གྱི་གནད་དོན་གལ་ཆེན་ཐད་ནས་བསམ་འཆར་བརྗེ་རེས་མཛད། 


ལོ་ཙཱ་བ། བསོད་ནམས་ཚེ་རིང་།