མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས།
2021.03.07 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 39

ཟླ་གསུམ་པའི་ཚེས་དྲུག་ཉིན། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་མཚོ་སྔོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། མུ་མཐུད་དུ་སྲིད་གཞུང་བྱ་བའི་སྙན་ཞུར་གྲོས་ཞིབ་བྱས་པ་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་ཉིས་སྟོང་སོ་ལྔ་ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་འཆར་ཟིན་ལ་གྲོས་ཞིབ་བྱས། ཝང་ཅན་ཅུན་ཚང་འཛོམས་གྲོས་ཚོགས་སྟེང་ཞུགས་པ་དང་། ཞིན་ཁྲང་ཞིང་དང་ཀྲང་ཀོང་རུང་། ལིའུ་ཁྲའོ། ཀྲང་ཞའོ་རོང་སོགས་འཐུས་མིས་སོ་སོར་གཏམ་བཤད། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་བྱ་བའི་ཨུ་ཡོན་ལྷན་ཁང་དང་ནོར་སྲིད་པུའུ། ཕྱི་འབྲེལ་པུའུ་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་རྣམས་ཀྱིས་དྲ་ལམ་བརྙན་རིས་བརྒྱུད་དེ་བསམ་འཆར་ལ་ཉན། ཀྲུང་དབྱང་བརྙན་འཕྲིན་ཁང་གསར་འགྱུར་སྦྲེལ་གནས་ནས་ཚོགས་འདུའི་གནས་ཚུལ་ཐད་གཏོང་བྱས།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། རྩ་གནད་འཆར་ཟིན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་དངོས་འབེབས་དོན་འཁྱོལ་བྱས་པ་དང་། ཏང་ཀྲུང་དབྱང་གི་བསམ་འཆར་དགོངས་དོན་དང་ཇུས་ཆོད་བཀོད་སྒྲིག་གལ་ཆེན་དངོས་འབེབས་དོན་འཁྱོལ་བྱས་པ་ལས་གཞན། འཕེལ་རྒྱས་དམིགས་འབེན་གྱིས་མི་རྣམས་ལ་ཡར་སྐུལ་གཏོང་ནུས་པ་དང་འོས་འགན་བྱེད་ཐབས་དངོས་སུ་ལག་བསྟར་བྱེད་ཆོག་ཆོག་ཡིན་ལ། སྲིད་ཇུས་གོ་སྐབས་ཀྱིས་སེམས་ཤུགས་ཆེ་རུ་བསྐྱེད་ཐུབ་ཅིང་། དེ་ལ་མི་དམངས་ཀྱི་འདོད་བློ་དང་མཐུན་ཞིང་དུས་རབས་ཀྱི་ཁྱད་ཆོས་རྫོགས་པ། དེང་རབས་ཅན་འཛུགས་སྐྲུན་གྱི་འཐབ་ལམ་གསར་པའི་སྤུས་ཚད་མཐོ་བའི་འཆར་འགོད་ལ་སྣེ་འདོམས་བྱེད་ནུས་པ་བཅས་ཀྱི་ཁྱད་ཆོས་ལྡན་པར་བརྟེན། ང་རང་ངོས་ནས་མོས་མཐུན་ཡོད། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག་ཏུ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་སྣེ་འདོམས་འོག་ནས། འཐབ་ལམ་གསར་པ་བཏོད་པའི་ཁྲོད་འཕེལ་རྒྱས་ཆེན་པོ་དང་གཟི་བརྗིད་ལྡན་པའི་གྲུབ་འབྲས་བསྐྲུན་ཐུབ་པར་ང་ཚོར་ཡིད་ཆེས་ཡོད། ང་ཚོས་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དུས་སྐབས་ཀྱི་རང་རྒྱལ་གྱི་འཐབ་ཇུས་དང་ས་གནས་ཀྱི་དངོས་འབེབས་བྱེད་དགོས་པའི་ལས་དོན་གྱི་སྦྲེལ་གནས་མ་ནོར་བར་བཙལ་ཏེ། དངོས་འབེབས་དོན་འཁྱོལ་བྱ་བ་དམ་པོར་འཛིན་དགོས་ཟེར།

ཀྲང་ཀོང་རུང་གིས་བཤད་རྒྱུར། སྲིད་གཞུང་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་སྙིང་བོ་ཟིན་ཡོད་ཅིང་། རྩོད་སྒྲུབ་ཀྱི་བསམ་གཞིགས་རྒྱུན་འཁྱོངས་དང་མི་དམངས་ཀྱི་བློ་རྒྱ་མཚོན་པ། བཅོས་སྒྱུར་གསར་གཏོད་འབུར་དུ་ཐོན་པ། ཁྲིམས་ལྟར་བཅོས་སྐྱོང་ལ་དོ་སྣང་བཅས་བྱས་ཡོད་པར་བརྟེན། ང་རང་ངོས་ནས་སྲིད་གཞུང་བྱ་བའི་སྙན་ཞུར་མོས་མཐུན་ཡོད་ཟེར།

ཚོགས་ཐོག་ནས་ད་དུང་ཧན་ཞའོ་ཝུའུ་དང་ཁྲིན་ལིས་ཧྥུན། མིན་ཧའེ། པད་རྒྱལ་བཀྲ་ཤིས། ཨ་ཧྲིན་ཆིན། ཧྲ་ཧྥུན། བཀྲ་ཤིས་རྡོ་རྗེ། ཁོང་ཆིན་ཅུའུ་སོགས་འཐུས་མིས་གཏམ་བཤད་བྱས།

བན་དེ་སྐྱབས་ཀྱིས་བསྒྱུར།